ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་དྲུག་ཉིན་ཐོག་དང་པོའི་ཁ་པར་གྲོས་མོལ་སྤེལ་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་སོགས་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འཛམ་གླིང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་དམིགས་བསལ་འགན་འཁྲིར་གཞིགས་ན། རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་འཚམ་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨུ་རུ་སི་དང་ཨ་མེ་རི་ཁས་ཉིན་དེར་འཐབ་ཇུས་མཚོན་ཆ་ཇེ་ཉུང་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་གྲོས་ཚོགས་བསྡུས་པར་ཡིད་ཚིམས་པའི་ཚུལ་བསྟན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཉེ་ལམ་ཆིངས་ཡིག་དེའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བར་མཁོ་བའི་དགོས་ངེས་ཀྱི་ལས་རིམ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་རེ་འགར་གྲོས་བསྡུར་བྱས། དེའི་ནང་རྒྱལ་ཁབ་གཉིས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས། ཨ་མེ་རི་ཁ་ཕྱོགས་གཅིག་ནས་བར་སྣང་སྒོ་འབྱེད་ཆིངས་ཡིག་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལས་ཕྱིར་འབུད་པ། དེ་མིན་ཨུ་རུ་སིའི་ཕྱོགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་བསྡུ་བའི་སྐོར་གྱི་འདོད་བློ་སོགས་འདུས། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་དང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་གཏོང་བའི་རེ་འདུན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱི་ཚོགས་ཁག་གིས་མྱུར་མོར་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་སྔོན་ལ་ཆིངས་ཡིག་དེའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་བྱ་བ་ཡོངས་འགྲུབ་བྱེད་པར་ཡིད་འཐད་བྱུང་བར་མ་ཟད། དམག་དོན་ཚོད་འཛིན་དང་གསར་དར་བདེ་འཇགས་གྲོས་གཞི་རབ་དང་རིམ་པའི་ཐད་ནས་འཐབ་ཇུས་གཏན་འཇགས་ཀྱི་གྲོས་བསྡུར་སྤེལ་བར་ཡིད་འཐད་བྱུང་ཟེར། གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་མངོན་གསལ་དང་རྒྱུན་མཐུད་ཀྱི་འབྲེལ་འདྲིས་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།