ཞི་ལཱ་དང་ཧྥ་རན་སི་ཡིས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉོ་བསྡུའི་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ལཱའི་རྒྱལ་སྲིད་བློན་ཆེན་ཕཱ་ནཱ་ཡའོ་ཐའོ་ཕུའུ་ལོ་སི་ཡིས་ཚེས་ཉེར་ལྔ་ཉིན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ཕཱ་ལེ་དང་མཉམ་དུ་དམག་ཆས་ཉོ་བསྡུའི་གྲོས་མཐུན་ཞིག་བཀོད་པ་དང་། ཞི་ལཱ་ཡིས་ཧྥ་རན་སི་ནས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅོ་བརྒྱད་ཉོ་བསྡུ་བྱེད་རྒྱུ་རེད། 

སྤྱིའི་མ་དངུལ་ཡོ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་ཡིན་པའི་གྲོས་མཐུན་དེ་ལྟར་ན། ཞི་ལཱ་ཡིས་ཧྥ་རན་སི་ནས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་བ་དྲུག་དང་ཉིས་ལག་བརྒྱུད་པའི་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅུ་གཉིས་ཉོ་བསྡུ་བྱེད་རྒྱུ་རེད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པ་ནས་བཟུང་། ཞི་ལཱ་ཡིས་ཟླ་རེར་ཧྥ་རན་སིའི་མཁའ་དམག་ལས་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཅིག་དང་ལེན་བྱེད་རྒྱུ་ཡིན་པ་དང་། དུས་ཡུན་ཟླ་ངོ་དྲུག་ཡིན་པ་རེད། གཞན་པའི་ཉིས་ལག་བརྒྱུད་པའི་འཐབ་འཛིང་གནམ་གྲུ་དྲུག་ཉིས་སྟོང་ཉེར་གསུམ་ལོའི་ལོ་མགོར་རྩིས་སྤྲོད་ཡོངས་འགྲུབ་བྱེད་རྒྱུ་རེད། འཐབ་འཛིང་གནམ་གྲུ་གསར་བ་དྲུག་པོ་དེ་ཉིས་སྟོང་ཉེར་གཉིས་ལོའི་དཔྱིད་ཀར་རྩིས་སྤྲོད་བྱེད་རྒྱུ་ཡིན་པ་རེད། 

ཕཱ་ལེ་ཡིས་གྲོས་མཐུན་བཀོད་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཞི་ལཱ་ནི་ཡོ་རོབ་གླིང་རྒྱལ་ཁབ་ཁྲོད་ཧྥ་རན་སིའི་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉོ་བསྡུ་བྱས་པའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཧྥ་རན་སི་ཡིས་ཅང་མི་འགོར་བར་ཞི་ལཱ་རྒྱལ་ཁབ་ལ་ཉེན་སྲུང་གྲུ་གཟིངས་གསར་བསྒྱུར་བྱེད་པའི་གྲོས་གཞི་འདོན་རྒྱུ་ཡིན་ཟེར། ཕཱ་ནཱ་ཡའོ་ཐའོ་ཕུའུ་ལོ་སི་ཡིས་བཤད་རྒྱུར། ཧྥ་རན་སིའི་འཐབ་འཛིང་གནམ་གྲུ་ཉོ་བསྡུ་བྱས་པ་ལས་ཞི་ལཱ་དང་ཧྥ་རན་སིའི་འབྲེལ་བའི་འཐབ་ཇུས་ཁྱད་ཆོས་འབུར་ཐོན་དུ་མངོན་ཡོད་པ་དང་། འགྲན་རྩོད་དང་འཇིགས་ཉེན་གྱི་མདུན་ནས་ཧྥ་རན་སི་ཡིས་ཞི་ལཱར་རྒྱབ་སྐྱོར་གང་ལེགས་བྱེད་སྲིད་པ་མཚོན་ཡོད་ཟེར། 

ཞི་ལཱའི་སྲིད་གཞུང་གི་མགྲིན་ཚབ་པ་ཐཱ་ལན་ཐིས་ལེ་སི་ཡིས་ཚེས་ཉེར་ལྔ་ཉིན་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཞི་ལཱ་ཕྱོགས་ཀྱིས་ཅང་མི་འགོར་བར་མཁའ་དམག་གི་འཕུར་སྐྱོད་པ་དང་འཕྲུལ་ཆས་ལག་རྩལ་པ་ཧྥ་རན་སིར་མངག་ནས་གསོ་སྦྱོང་དང་ལེན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།