ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་ལྷོ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ཞིའི་ལྷོ་ཕྱོགས་ཀྱི་པཱ་ལཱ་ནཱ་ཀྲིག་ཏུ་ཚེས་ཉེར་ལྔ་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གསུམ་ལ་རྨས་ཕོག དེའི་ནང་མི་བདུན་གྱི་རྨས་སྐྱོན་ཚབས་ཆེན་ཡིན་པ་རེད། 

པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་མྱུར་བགྲོད་གཞུང་ལམ་ཉེན་རྟོག་པས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཉིན་དེའི་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་པཱ་ལཱ་ནཱ་ཀྲིག་གི་མཚོ་འགྲམ་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཞིག་ནས་ལམ་འགྲམ་གྱི་འགོག་སྲུང་ལན་ཀན་དང་ཐོ་བརྒྱབ་རྗེས་རི་གཟར་གྱི་ཞོལ་དུ་ལྷུང་བ་རེད་ཟེར། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་བྱང་ཤར་ཕྱོགས་ཀྱི་ཕཱ་ལཱ་ཀྲིག་ནས་ཡོང་བ་དང་། དམིགས་སའི་ཡུལ་ནི་ལྷོ་ཕྱོགས་ཀྱི་ཧྲིན་ཁཱ་ཐཱ་ལིན་ནཱ་ཀྲིག་ཡིན་ལ། རླངས་འཁོར་སྟེང་ཁ་ལོ་བ་གཉིས་དང་འགྲུལ་བ་ང་བཞི་ཡོད་པ་རེད། 

རྒུད་སྐྱོབ་ལ་ཞུགས་པའི་མེ་གསོད་མི་སྣ་ཀི་ལོས་ནཱ་ཐི་ཡིས་བཤད་རྒྱུར། དོན་རྐྱེན་དེའི་བྱུང་བའི་རྒྱུ་རྐྱེན་གསལ་བོར་མི་ཤེས། སྟབས་ལེགས་པ་ཞིག་ལ་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་ཆུའི་ནང་མ་ལྷུང་བ་རེད། གལ་ཏེ་ཆུར་ལྷུང་ན་འདས་པོའི་མི་གྲངས་དེ་ལས་ཀྱང་མང་སྲིད་ཟེར། 

མིག་སྔར་དོན་རྐྱེན་བྱུང་སའི་གཞུང་ལམ་དེ་བཀག་སྡོམ་བྱས་ཡོད་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།