ནམ་ཟླའི་བབ་དང་བསྟུན་པའི་མཐོ་རིམ་གྲོས་ཚོགས་ཐོག་མ་སྤེལ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནམ་ཟླའི་བབ་དང་བསྟུན་པའི་མཐོ་རིམ་གྲོས་ཚོགས་ཐོག་མ་ཚེས་ཉེར་ལྔ་ཉིན་སྤེལ་མགོ་བརྩམས། མཐོ་རིམ་གྲོས་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཧི་ལན་གྱི་ལྟ་སྐྱོང་ཁང་གི་དབུ་བཞུགས་བློན་ཆེན་ལོས་ཐི་ཡིས་བསྟན་དོན། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལས་མི་རྣམས་ཀྱིས་འགུལ་སྐྱོད་སྤེལ་ནས་ནམ་ཟླའི་འགྱུར་བག་རང་བཞིན་ཇེ་དྲག་ཏུ་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར། 

ཉིན་གཉིས་ཀྱི་གྲོས་ཚོགས་སྐབས་སུ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོ་ནས་ཡོང་བའི་འཐུས་མིས་ཐལ་དྲགས་ནམ་ཟླ་དང་རང་བྱུང་གནོད་འཚེ་ཐག་གཅོད་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་ལེགས་བཅོས་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། ད་ལོའི་ཟླ་བཅུ་གཅིག་པར་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་དག་གི་ཚོགས་ཆེན་ཐེངས་ཉེར་དྲུག་པར་ལམ་ཐིག་རི་མོ་འབྲི་བཞེངས་བྱས་པ་རེད། 

ལོས་ཐི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། གལ་ཏེ་མིའི་རིགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཚོད་འཛིན་མ་བྱས་པར་བབ་བསྟུན་གྱི་ལེགས་སྒྲིག་མ་བྱས་ན། དེའི་མཇུག་འབྲས་ལ་གནོད་འཚེ་རང་བཞིན་ལྡན་པ་ཞིག་ཡིན་ངེས་རེད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་མི་རྣམས་ཀྱིས་འགུལ་སྐྱོད་སྤེལ་ཏེ་བབ་བསྟུན་ནུས་པ་ཇེ་མཐོར་གཏོང་བ་དང་ནམ་ཟླའི་འགྱུར་བག་རང་བཞིན་ཇེ་དྲག་ཏུ་གཏོང་བའི་རེ་བ་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མི་ཆོས་དང་ནོར་སྲིད། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕྱོགས་ནས་བལྟས་ན། ནམ་ཟླའི་བབ་བསྟུན་འགུལ་སྐྱོད་ཐད་རྒྱབ་སྐྱོར་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད་ཟེར། 

མཐོ་རིམ་གྲོས་ཚོགས་ལ་ཞུགས་མཁན་ལ་ད་རུང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མི་ཁི་ལི་སོགས་ཡོད་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་བབ་བསྟུན་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་དངོས་འབེབ་བྱེད་པའི་བབ་བསྟུན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། དངོས་གཉེར་འགུལ་སྐྱོད་དང་རྒྱ་ཆེར་ཟབ་་ཞུགས་བྱས་ཏེ་འཛམ་གླིང་ཡོངས་ལ་སྔར་ལས་ལྷག་པའི་སླར་གསོའི་ནུས་པ་ལྡན་པར་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་ཁས་ལེན་བྱེད་རྒྱུ་རེད། མཐོ་རིམ་གྲོས་ཚོགས་ནས་སྲིད་གཞུང་དང་ཚན་རྩལ་ལས་རིགས། རྒྱལ་སྤྱིའི་རྩ་འཛུགས། ན་གཞོན་ཚོགས་ཁག དམངས་ཁྲོད་ཚོགས་ཁག དངུལ་ལོར་ལས་ཁུངས་སོགས་ལ་སྟེགས་བུ་འདོན་སྤྲོད་བྱེད་པ་དང་། ཐོན་ཁུངས་གཅིག་བསྡུས་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་འོག་ནམ་ཟླ་བཟང་བོར་བསྐྲུན་པར་བྱས་རྗེས་གལ་ཆེན་འཇོག་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།