ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་ལྷོ་མར་གནས་སྐོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་ཨ་ཧྥེ་རི་ཁ་ལྷོ་མར་གནས་སྐོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། མུ་མཐུད་དུ་ཡོ་རོབ་གླིང་ཧྲིན་ཀིན་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། དབྱིན་ཇི། ཨིར་ལན། པཱ་ཞི་བཅས་ཀྱི་གནས་སྐོར་བཀག་སྡོམ་བྱེད་ཐབས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། གཟའ་འཁོར་གཉིས་ནང་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་བྱས་མྱོང་ཞིང་ཨ་མེ་རི་ཁའི་སྤྱི་དམངས་མིན་པའི་མི་རྣམས་གནས་སྐབས་སུ་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། བྱེད་ཐབས་དེ་ཨ་མེ་རི་ཁའི་དུས་གཏན་གྱི་སྡོད་དམངས་ལ་ལག་བསྟར་བྱེད་མི་སྲིད་ལ། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་ནས་བཟུང་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར། 

པེད་ཏིན་གྱིས་ད་རུང་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་ཧྲིན་ཀིན་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་དབྱིན་ཇི། ཨིར་ལན། པཱ་ཞི་བཅས་ལ་དམིགས་པའི་གནས་སྐོར་བཀག་སྡོམ་བྱེད་ཐབས་དེ་ཟླ་འདིའི་ཚེས་ཉེར་དྲུག་ཉིན་ནས་བཟུང་སྔར་བཞིན་ནུས་ལྡན་ཡིན་པ་དང་། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་པ་ཡིན་ལ། འབྲེལ་ཡོད་ཀྱི་གནས་སྐོར་བཀག་སྡོམ་བྱེད་ཐབས་དེ་ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ནམ་གུང་ནས་བཟུང་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར། 

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རིམས་ནད་སྔར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་འགོ་བའི་རང་བཞིན་ལྷག་ཏུ་ལྡན་པའི་གཤིས་འགྱུར་པྲོག་གསར་ནད་དུག་རྒྱ་ཡན་དུ་འགྲོ་བར་གཞིགས་ན། མིག་སྔར་ནི་རྒྱལ་སྤྱིའི་གནས་སྐོར་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་བའི་དུས་མ་ཡིན་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པ་ནས་བཟུང་ཡོ་རོབ་གླིང་ཧྲིན་ཀིན་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་དྲུག་དང་། དབྱིན་ཇི། ཨིར་ལན་བཅས་ལ་གནས་སྐོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། ལོ་དེའི་ཟླ་ལྔ་བར་པཱ་ཞི་ལ་གནས་སྐོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།