པུ་ལུང་ཏིས་སྲིད་འཛིན་ཏང་གིས་སྤྱི་ཁྱབ་ཧྲུའུ་ཅི་གསར་བ་བདམས་ཐོན་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ལུང་ཏིས་སྲིད་འཛིན་ཏང་བདེ་སྲུང་དམངས་གཙོ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་བདེ་སྲུང་དམངས་གཙོ་སྟོབས་ཤུགས་ཀྱིས་ཚེས་ཉེར་བཞིའི་ཉིན་ཨིན་ཏིས་ཁུའུ་ལི་ཡའོ་སྤྱི་ཁྱབ་ཧྲུའུ་ཅི་གསར་བར་བདམས་པ་རེད། 

བདེ་སྲུང་དམངས་གཙོ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་བདེ་སྲུང་དམངས་གཙོ་སྟོབས་ཤུགས་ཀྱིས་ཉིན་དེར་པུ་ལུང་ཏིས་ཀྱི་ཆབ་སྲིད་རྒྱལ་ས་ཅི་ཐི་ཅཱ་ནས་དམིགས་བསལ་གྲོས་ཚོགས་བསྡུས། པུ་ལུང་ཏིས་གྲོས་ཞུགས་ཁང་གི་སྔོན་ཆད་ཀྱི་གྲོས་དཔོན་ཨིན་ཏིས་ཁུའུ་ལི་ཡའོ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་རེད། དེའི་སྔོན་ལས་འགན་དེ་རྒྱལ་ཁབ་དེའི་ད་ལྟའི་ཙུང་ཐུང་ཨིན་ཏཱ་དབྱེ་ཧྲི་མུས་ཡེ་ཡིས་ཁུར་དུ་བླངས་ཡོད་པ་རེད། 

ཨིན་ཏིས་ཁུའུ་ལི་ཡའོ་ཡིས་ཚོགས་ཐོག་ནས་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་རང་ཉིད་ལ་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས་པ་དང་། མང་ཚོགས་དག་གིས་པུ་ལུང་ཏིས་སྲིད་གཞུང་གིས་བཏོན་པའི་འཕེལ་རྒྱས་དང་དབུལ་སེལ་ལས་གཞིར་རྒྱབ་སྐྱོར་བྱས་ཏེ། འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། ཨིན་ཏཱ་དབྱེ་ཧྲི་མུས་ཡེ་ཡིས་བསྟན་དོན། སྲིད་འཛིན་ཏང་གི་ཏང་ཡོན་དག་གིས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱིས་རུལ་སུངས་དང་སྤྱི་ཚོགས་དཔལ་འབྱོར་ཐད་ཀྱི་ལུགས་མཐུན་མིན་པའི་བྱ་སྤྱོད་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་དངོས་འབེབ་བྱེད་པའི་རེ་བ་ཡོད་ཟེར། 

ཨིན་ཏིས་ཁུའུ་ལི་ཡའོ་ཡིས་ད་ལྟ་པུ་ལུང་ཏིས་གྲོས་ཞུགས་ཁང་གི་གྲོས་མིའི་འགན་ཁུར་ཡོད་པ་དང་། སྔོན་ཆད་ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྲོས་ཞུགས་ཁང་གི་གྲོས་དཔོན་གྱི་འགན་ཁུར་བ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།