ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་ཨ་མེ་རི་ཁའི་གསར་དུ་འགན་ཁུར་བའི་ཙུང་ཐུང་པེད་ཏིན་གཉིས་ཀྱིས་ཚེས་ཉེར་གསུམ་ཉིན་ཁ་པར་གྲོས་མོལ་བྱས་ཏེ། པེད་ཏིན་གྱིས་ལས་འགན་ཁུར་རྗེས་ཐོག་དང་པོར་ཁོ་དང་གྲོས་མོལ་བྱས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་མགོ་ཁྲིད་པར་གྱུར་ཡོད། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་དང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སོ་སོར་གསལ་སྒྲོག་སྤེལ་ཏེ། ཁོ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དང་ཨ་མེ་རི་ཁས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་པའི་བྱ་བ་མཚམས་འཇོག་པ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་སོགས་འདུས་པའི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་ཟེར། 

ཕྱི་ཕྱོགས་ཀྱིས་དོ་སྣང་ཆེས་ཆེར་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནད་དོན་གཙོ་བོ་ཞིག་ནི་དབྱིན་ཇི་དང་ཨ་མེ་རི་ཁས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་རང་དབང་ཉོ་ཚོང་གྲོས་ཆོད་འགོད་ཐུབ་མིན་དེ་རེད། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རང་དབང་ཉོ་ཚོང་གྲོས་ཆོད་འགོད་པའི་ཐད་ནས་ཡའོ་ཧན་ཞོན་ལས་པེད་ཏིན་ལྷག་ཏུ་བྲེལ་བཞིན་ཡོད་པ་འདྲ་ལ། གནད་དོན་དེ་ཕྱོགས་གཉིས་ཀྱི་གསལ་སྒྲོག་རགས་ཙམ་རྟོགས་ཐུབ་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་གསལ་སྒྲོག་ལས་བཤད་རྒྱུར། ཡའོ་ཧན་ཞོན་དང་པེད་ཏིན་གྱིས་ང་ཚོ་རྒྱལ་ཁབ་གཉིས་ཀྱིས་འགོད་སྲིད་པའི་རང་དབང་ཉོ་ཚོང་གྲོས་ཆོད་ལས་འབྱུང་སྲིད་པའི་ཕན་ཐོགས་ལ་གྲོས་བསྡུར་བྱས་པ་དང་། ཡའོ་ཧན་ཞོན་གྱིས་གང་མགྱོགས་སྒོས་མིག་སྔར་ཨ་མེ་རི་ཁའི་བར་གནས་པའི་ཉོ་ཚོང་གནད་དོན་ཐག་གཅོད་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས། 

ཕོ་བྲང་དཀར་པོའི་གསལ་སྒྲོག་ལས་ཁོ་གཉིས་ཀྱིས་ཉོ་ཚང་གནད་དོན་ལ་གྲོས་བསྡུར་བྱས་པ་གླེང་མེད་ལ། ཁོ་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བདེ་འཇགས་གནད་དོན་ལ་འགན་སྲུང་བྱེད་པ་བཅས་ལ་གྲོས་བསྡུས་བྱས་ཡོད་ཟེར། 

དབྱིན་ཇི་ནི་སྔོན་ཆད་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་ཨ་མེ་རི་ཁའི་བར་གྱི་རང་དབང་ཉོ་ཚོང་བཀོད་སྒྲིག་ལོངས་སྤྱོད་བྱས་ཆོག་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་དཔལ་འབྱོར་ཚོགས་པ་གཞན་པའི་བར་རང་དབང་ཉོ་ཚོང་གྲོས་ཆོད་འགོད་དགོས་པ་རེད། གསར་འགྱུར་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་བར་རང་དབང་ཉོ་ཚོང་གྲོས་ཆོད་འགོད་པ་དེ་ཡའོ་ཧན་ཞོན་སྲིད་གཞུང་གི་བྱ་བའི་ལས་འགན་གཙོ་བོར་གྱུར་ཡོད་ཟེར། 

ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕུའུ་སཱ་ཅི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་རང་དབང་ཉོ་ཚོང་གྲོས་ཆོད་གསར་བ་འགོད་པའི་དུས་ཚོད་རེའུ་མིག་བཀོད་མེད་ལ། དེ་ནི་ཨ་མེ་རི་ཁས་མིག་སྔར་རྒྱལ་ནང་གི་པྲོག་གསར་གློ་ཚད་རིམས་ནད་དང་རྒྱལ་ཚོགས་ནས་དཔལ་འབྱོར་རོགས་སྐྱོར་འཆར་གཞི་གསར་བར་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བར་དོ་སྣང་བྱེད་དགོས་པས་ཡིན་ཟེར། 

པེད་ཏིན་གྱིས་མིང་བཏོན་པའི་ནོར་སྲིད་བློན་ཆེན། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྒྱུ་ནོར་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཡེ་ལོན་གྱིས་གཟའ་འཁོར་སྔོན་མའི་ནང་རྒྱལ་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་སྟེང་བཤད་རྒྱུར། པེད་ཏིན་གྱིས་ཨ་མེ་རི་ཁས་ལས་ཞུགས་དང་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་འབོར་ཆེན་གཏོང་བའི་ཆོད་དོན་མ་སྤེལ་གོང་རང་དབང་ཉོ་ཚོང་གྲོས་ཆོད་གསར་བ་གང་ཡང་འགོད་མི་སྲིད་པའི་བསམ་ཚུལ་གསལ་བོར་བསྟན་ཡོད་ཟེར། 

ཕོ་བྲང་དཀར་པོའི་གསལ་སྒྲོག་ལྟར་ན། ཡའོ་ཧན་ཞོན་དང་ཁ་པར་གྲོས་མོལ་མ་བྱས་གོང་། པེད་ཏིན་གྱིས་སྔ་གཞུག་ཏུ་ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་དང་མའོ་ཞི་ཁོའི་ཙུང་ཐུང་ཨོ་ཧྥུའུ་ལཱ་ཏའོ་ཨར་གཉིས་དང་ཁ་པར་གྲོས་མོལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།