ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་གཏོང་བར་བརྩོན་ལེན་བྱས་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་གཏོང་བར་བརྩོན་ལེན་བྱས་པར་དགའ་བསུ་ཞུས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ཉེར་གཉིས་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེ་ད་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་དུས་ཡུན་མ་ལོངས་གོང་རྒྱུན་བསྲིང་བའི་ལས་རིམ་ཡོངས་འགྲུབ་བྱེད་དགོས་པར་མ་ཟད། མྱུར་དུ་དམག་ཆས་ཚོད་འཛིན་གྱི་གྲོས་མོལ་གསར་བ་མགོ་རྩོམ་དགོས་པའི་སྐུལ་མ་བཏང་ཡོད་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕུའུ་སཱ་ཅི་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁས་མི་འགྱངས་པར་དུས་ཡུན་ལོངས་ལ་ཉེ་བའི་འཐས་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་འབྲེལ་ཡོད་ཀྱི་ཆབ་སྲིད་རེ་འདུན་ལ་དགའ་བསུ་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།