ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བཅུ་གཉིས་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མཱ་ཅིང་ཏཱ་ནོའུ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ཉེན་རྟོག་པས་ཉིན་དེར་འཛིན་བཟུང་འགུལ་སྐྱོད་ཅིག་སྤེལ་སྐབས་དྲག་ཆས་ཉེས་ཅན་བཅུ་གཉིས་བསད་པ་དང་། ཉེན་རྟོག་པ་གཅིག་གིས་འཁྲུག་རྩོད་བྱེད་སྐབས་རང་སྲོག་བློས་བཏང་ཟེར། 

ཧྥེ་ལེ་པེན་མཱ་ཅིང་ཏཱ་ནོའུ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་ཉེས་དོན་རྩད་ཞིབ་ཚན་ཆུང་གི་འགན་ཁུར་བ་མཱེ་ཏེན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་ཉེར་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ། ཉེན་རྟོག་ཕྱོགས་ཀྱིས་ཞིང་ཆེན་དེའི་སུའུ་ཏན་ཁུའུ་ཏཱ་ལཱ་གྲོང་བརྡལ་ནས་འགུལ་སྐྱོད་སྤེལ་ཏེ། ལྐོག་གསོད་དང་དུག་རྫས་ལྐོག་འཚོང་། འཕྲོག་བཅོམ་སོགས་ནག་ཉེས་ལས་འབྲེལ་བའི་དོགས་ཡོད་ཉེས་ཅན་འགའ་འཛིན་བཟུང་བྱས། འགུལ་སྐྱོད་སྤེལ་སྐབས་ཉེན་རྟོག་ཕྱོགས་ལ་དོགས་ཡོད་ཉེས་ཅན་དང་བཅས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གི་ངོ་རྒོལ་ཐེབས་པ་དང་། ཕྱོགས་གཉིས་ཀྱིས་ཧ་ལམ་དུས་ཚོད་ལྔའི་རིང་འཁྲུག་རྩོད་བྱས་པ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། གཞན་ཡང་ཉེན་རྟོག་པ་བཞིར་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད། ཐེངས་འདིའི་འགུལ་སྐྱོད་ཁྲོད་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་དང་ལག་འབོམ་སོགས་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།