དབྱི་སི་རལ་གྱིས་སི་རི་ཡར་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་བཞི་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་སི་རི་ཡའི་ཧྭ་མ་ཞིང་ཆེན་གྱི་མཐའ་འཁོར་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། སྤྱི་དམངས་བཞི་བསད་པ་དང་། མི་བཞི་ལ་རྨས་ཕོག

སི་རི་ཡའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་ཡིས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ལེ་པ་ནུན་བྱང་རྒྱུད་གྲོང་ཁྱེར་གྱི་ལེ་པོ་ལིས་ཕྱོགས་ནས་ཧྭ་མ་ཞིང་ཆེན་མཐའ་འཁོར་གྱི་དམིགས་འབེན་མང་པོར་འཕུར་མདས་བརྒྱབ་པ་དང་། སི་རི་ཡའི་མཁའ་འགོག་མ་ལག་གིས་འབར་མདེལ་མང་ཆེ་ཤས་བཀག་འགོག་བྱས། རྐྱེན་ལམ་དུ་ཤོར་བའི་མི་བཞི་བོ་ནི་བཟའ་ཟླ་གཉིས་དང་ཁོ་གཉིས་ཀྱི་བྱིས་པ་གཉིས་ཡིན་ལ། རྨས་མའི་ཁྲོད་བུད་མེད་དང་བྱིས་པ་ཡོད། འགས་གཏོར་ཁྲོད་ཉུང་མཐར་ཡང་ཁང་བ་གསུམ་ལ་གཏོར་བརླག་ཐེབས་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་སི་རི་ཡའི་ཤར་རྒྱུད་ཀྱི་ཏེ་ཨེར་ཙུའུ་ཨེར་གྲོང་ཁྱེར་དང་ཨ་པུའུ་ཁ་མད་ལི་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།