ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་གསར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་གསར་བ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨུ་རུ་སིའི་ཁེ་ལས་དང་དེའི་ཧྥུའུ་ཨར་ཐུའུ་ནཱ་རྟགས་ཅན་གྱི་གྲུ་གཟིངས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། རྒྱུ་མཚན་ནི་བྱང་ཆུ་གཉིས་པའི་མཚོ་འོག་རླངས་འདྲེན་སྦུག་ལམ་ལས་གཞིའི་འཛུགས་སྐྲུན་ལ་ཞུགས་པས་ཡིན་པ་རེད། གསལ་སྒྲོག་གཞན་ཞིག་ལས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་ལ་རོགས་རམ་བྱས་ནས་ཨ་མེ་རི་ཁའི་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ལས་རིགས་ལ་བཀག་སྡོམ་བྱེད་པར་གཡོལ་བ་རྒྱུ་མཚན་དུ་བྱས་ཏེ། ཚོགས་པ་དང་མི་སྒེར། གྲུ་གཟིངས་བཅས་མང་བོར་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

བྱང་ཆུ་གཉིས་པའི་ལས་གཞིའི་དམིགས་ཡུལ་ནི་ཨུ་རུ་སི་ནས་པའོ་ལོ་ཏིས་མཚོ་འོག་བརྒྱུད་དེ་འཇར་མན་དུ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་པ་དང་། ཝུའུ་ཁི་ལན་མ་བརྒྱུད་པར་ཨུ་རུ་སིའི་རང་བྱུང་སོལ་རླངས་དེ་འཇར་མན་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པར་འདྲེན་ཆོག་པ་རེད། ལས་གཞི་དེའི་སྤྱི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་ཉིས་བརྒྱ་ཡོད་པ་དང་། བརྒྱ་ཆའི་དགུ་བཅུ་ལྷག་ཡོངས་འགྲུབ་བྱས་ཡོད། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏ། ཨ་མེ་རི་ཁས་བྱང་ཆུ་གཉིས་པའི་ལས་གཞིར་ཞུགས་པའི་ཁེ་ལས་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་གནོན་ཤུགས་བྱིན་ནས། རྒྱལ་ཁབ་གཞན་པའི་མི་སྒེར་དང་ཚོགས་པས་ཝེ་ནེ་ཙུའེ་ལཱའི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པར་གཏན་འགོག་བྱས། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཐེངས་མང་བོར་རིམས་ནད་སྐབས་སུ་ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། ཝེ་ནེ་ཙུའེ་ལཱ་བདག་དབང་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱལ་ཁབ་གཞན་པའི་བར་རང་དབང་ཉོ་ཚོང་བྱེད་པའི་ཁེ་དབང་ལྡན་པ་དང་། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་མི་རུང་བ་ནན་བཤད་བྱས། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།