ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མེ་ཤུགས་འཕུར་མདའ་གཉིས་ཉིན་དེའི་ཞོགས་པར་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་མངའ་ཁོངས་ཀྱི་མི་མེད་ས་སྟོང་དུ་ལྷུང་བ་རེད། དེའི་ལན་དུ་དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་བ་དང་། དེའི་ནང་ཅཱ་ཧྲ་ལྷོ་ཕྱོགས་ས་ཁུལ་གྱི་ས་འོག་ཕུག་ལམ་བརྐོ་བའི་གནས་ཀྱང་འདུས་ཡོད་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བཟོས་མེད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད་ཀྱང་། དབྱི་སི་རལ་དམག་དཔུང་གིས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ནས་བྱུང་བའི་དོན་རྐྱེན་ཚང་མར་འགན་ཁུར་དགོས་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།