ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འཐབ་ཇུས་འབྲེལ་བ་ཟབ་མོ་ལྡན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བརྙན་རིས་བརྒྱུད་དེ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ་སྐབས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འཐབ་ཇུས་འབྲེལ་བ་ཟབ་མོ་ལྡན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་མཛའ་མཐུན་ཡིད་ཆེས་ཀྱི་འབྲེལ་བ་ཡོད་པ་དང་། དུས་བཅད་ལྟར་འབྲེལ་འདྲིས་བྱེད་བཞིན་ཡོད། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཉོ་ཚོང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རྨང་གཞིའི་སྒྲིག་ཆས་དང་བཟོ་ཞིང་ལས། ནུས་ཁུངས། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་ལས་གཞི་ཆེ་གྲས་དག་དངོས་འབེབས་བྱེད་བཞིན་ཡོད། མིག་སྔར་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་ཚན་རྩལ་གསར་གཏོད་ལོའི་བྱ་འགུལ་སྤེལ་བཞིན་ཡོད་ལ། ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་ཐུབ་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་བྱེ་བྲག་གི་གནད་དོན་མང་བོའི་ཐད་ནས་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད་པ་དང་། མཉམ་ལས་དེས་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་ཐུན་མོང་རེ་འདུན་རྨང་གཞིར་བྱས་ཡོད། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་བྱེད་བཞིན་ཡོད། མིག་སྔར་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་བརྒྱུད་གཅིག་ལམ་གཅིག་གྲོས་གཞིའི་སྦྲེལ་མཐུད་བྱ་བ་དངོས་འབེབ་བྱེད་པའི་སྒང་ཡིན་ཟེར། 

པྲོག་གསར་གློ་ཚད་རིམས་ནད་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོས་རིམས་ནད་འགོག་བཅོས་དང་རིམས་ནད་ཀྱི་ཤུགས་རྐྱེན་སེལ་བའི་ཐད་ནས་མཉམ་ལས་དམ་ཟབ་སྤེལ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་རིམས་ནད་སྐབས་སུ་ཕན་ཚུན་རོགས་རེས་བྱས་པ་དང་། ཕན་ཚུན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་འགོག་སྨན་གསར་སྤེལ་ཐད་ནས་བྱ་བ་སྤེལ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།