ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་ལོ་གཅིག་འགོར་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རང་སྟེང་ནས་རིམས་ནད་ཁྲོད་ནས་བསླབ་བྱ་གསུམ་བསྡུ་ལེན་བྱེད་དགོས་ཏེ། སོ་སོར་རིམས་ནད་ཀྱི་གྲ་སྒྲིག་དང་འགོག་བཅོས་དང་། མི་དམངས་སྲོག་ཆགས། སའི་གོ་ལ་བཅས་ཀྱི་འབྲེལ་བ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱི་ཕྱོགས་ལ་འབྲེལ་ཡོད་ཟེར།
ཐན་ཏི་སེ་ཡིས་ཉིན་དེར་སྤེལ་བའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། བསླབ་བྱ་དེ་གསུམ་པོ་མི་ཚང་མར་འཚམ་པ་དང་། མ་འོངས་པའི་སློབ་སྦྱོང་དང་བཅོས་བསྒྱུར། གསར་གཏོད། འཕེལ་རྒྱས་བཅས་ལ་མཁོ་གལ་ཆེ་བ་ཡིན་ཟེར།
གཅིག་ནས་རྒྱ་ཡན་དུ་འགྲོ་བའི་གྲ་སྒྲིག་དང་འགོག་བཅོས་ཐད་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་སྟེང་ཆེས་འབྱོར་ཕྱུག་ལྡན་པ་དང་ཆེས་སྟོབས་ལྡན་ཡིན་པའི་རྒྱལ་ཁབ་ཚང་མ་འཇིགས་དངངས་སྐྱེས་ནས་ཅི་བྱ་གཏོལ་བྲལ་དུ་བཏང་སོང་། དེ་ལས་རྒྱལ་ཁབ་སོ་སོའི་འཕྲལ་སྒྲུབ་གྲ་སྒྲིག་ཐད་དུ་དངུལ་གཏོང་མི་འདང་བའི་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་དེ་མངོན་པར་བྱས་ཡོད། ཐན་ཏི་སེ་ཡིས་བལྟས་ན། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་སོང་བ་ལས་སྔོན་ཆད་ཆེད་མཁས་པ་དག་གིས་རྒྱལ་ཁབ་སོ་སོའི་རིམས་འགོག་གྲ་སྒྲིག་གནས་ཚུལ་གྱི་དཔྱད་འཇོག་ལ་གཞིགས་ཏེ་བཏོན་པའི་རིམས་ནད་འགོག་བཅོས་ཀྱི་ཡོ་བྱད་དེ་དག་གིས་འདང་དཀའ་བའི་རྣམ་པ་མཚོན་ཡོད་པར་འདོད།
གཉིས་ནས་མི་རྣམས་ལ་མིའི་རིགས་དང་སྲོག་ཆགས། སའི་གོ་ལ་བཅས་ཀྱི་བདེ་ཐང་ནི་དམ་པོར་འབྲེལ་ཡོད་པའི་ངེས་ཤེས་ཟབ་མོ་ཡོད་དགོས། ཉེ་བའི་ལོ་འགའི་རིང་ལ་བརྒྱ་ཆའི་བདུན་ཅུའི་ཡན་གྱི་གསར་བྱུང་རིམས་ནད་དག་སྲོག་ཆགས་ལ་འབྲེལ་བ་ཡོད་པས། ཐན་ཏི་སེ་ཡིས་རྒྱལ་ཁབ་སོ་སོས་རྩ་བའི་ཐོག་ནས་མིའི་རིགས་དང་སྲོག་ཆགས། སྐྱེ་ཁམས་མ་ལག་བཅས་བར་གྱི་འབྲེལ་འདྲིས་ཉེན་ཁར་ལྟ་ཞིབ་དང་དོ་དམ་བྱས་ཏེ། མིའི་རིགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། ཁོས་ཞོར་དུ་ནགས་ཚལ་གཅོད་པ་དང་ས་རྒོད་བཏུལ་བ། ཁོར་ཡུག་སྦགས་བཙོག་བཟོ་བ། ནམ་ཟླའི་འགྱུར་ལྡོག་སོགས་མིའི་རིགས་དང་སྲོག་ཆགས། སའི་གོ་ལ་བཅས་བར་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
གསུམ་ནས་འཛམ་གླིང་ལ་སྟོབས་དང་ལྡན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཤིག་མཁོ་བ་རེད། ཐན་ཏི་སེ་ཡིས་བསྟན་དོན། ཚོགས་ཞུགས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མདུན་དུ་མ་འོངས་པར་ལྷགས་སྲིད་པའི་བཀག་རྒྱ་ཆེས་ཆེན་པོ་ཞིག་ནི་རྒྱུན་མཐུད་ཐུབ་པ་དང་སྔོན་དཔག་གི་དངུལ་གསོག་ཡིན་པ་གཏན་འཁེལ་བྱས་ཡོད། དེ་བས་ཁོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཐེབས་རྩ་ཚོགས་པས་མ་འོངས་པའི་ལོ་གསུམ་ནང་ཐབས་ལམ་གསར་བ་བརྒྱུད་དེ་མེ་སྒོར་ཐེར་འབུམ་གཅིག་བསྡུ་དགོས་པ་དང་། དེ་ལས་བརྒྱ་ཆའི་བདུན་ཅུ་ནས་བརྒྱད་ཅུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རང་སྟེང་ལ་བཀོལ་བ་དང་། དེའི་འཕྲོའི་མ་དངུལ་དེ་སྤྱི་བའི་འཕྲོད་བསྟེན་རྩ་འཛུགས་གཞན་པ་སྟེ་གཙོ་བོ་དམངས་ཁྲོད་རྩ་འཛུགས་ཐད་བཀོལ་དགོས་པའི་རེ་བ་བཏོན།
ཐན་ཏི་སེ་ཡིས་བསྟན་དོན། འཛམ་གླིང་ཧྲིལ་བོ་སྔར་བཞིན་སྔ་ན་མེད་པའི་ཉེན་ཁར་འཕརད་ཡོད་ཀྱང་། དེ་ཡང་སྔར་མེད་ཀྱི་གོ་སྐབས་ཤིག་ཀྱང་ཡིན་སྲིད། བདེ་ཐང་དེ་འཕེལ་རྒྱས་ཀྱི་འཕར་རྩར་འགྱུར་དུ་འཇུག་པ་དང་། དེའི་རྨང་གཞིའི་སྟེང་སྔར་ལས་བདེ་འཇགས་དང་འདྲ་མཉམ་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཐན་ཏི་སེ་ཡིས་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ལས་བསླབ་བྱ་གསུམ་བསྡུ་ལེན་བྱེད་དགོས་པའི་ཚུལ་བསྟན།