ཀྲུང་གོ་བོད་ཀྱི་དྲ་བ།

གསར་དུ་འགན་ཁུར་བའི་འཇར་པན་དུ་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོས་ཧན་གོ་དང་འཇར་པན་གྱི་འབྲེལ་བ་སླར་གསོ་བྱེད་རྒྱུའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཅང་ཁྲང་དབྱེ་ལ་རྒྱལ་ཡིག་བསྩལ་ནས་འཇར་པན་དུ་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་གསར་བར་བསྐོ་འཇོག་བྱས། ཚེས་བཅུ་བདུན་ཉིན། ཅང་ཁྲང་དབྱེ་ཡིས་བརྙན་རིས་སྐུད་ལམ་བརྒྱུད་དེ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཧན་གོ་དང་འཇར་པན་གྱི་འབྲེལ་བ་སླར་གསོ་བྱེད་པར་འབད་འབུངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན། 

བསྒྲགས་པ་ལྟར་ན། ཅང་ཁྲ་དབྱེ་ཡིས་ཧན་གོའི་ཁྲིམས་ཁང་གིས་ཟླ་དང་པོའི་ཚེས་བརྒྱད་ཉིན་འདོད་སེལ་བུད་མེད་ཀྱི་གནོད་ཐེབས་མཁན་ལ་སྐྱིན་ཚབ་སྤྲོད་པའི་གྱོད་དོན་ལ་རྒྱལ་ཁ་ཐོབ་པའི་བརྡར་གཅོད་བྱས་པའི་ཐད་ནས་བསྟན་དོན། འདས་སོང་གི་ནོར་འཆུག་བསྐྱར་བཟླས་བྱེད་མི་རུང་ཟེར། 

ཁོས་ད་རུང་བསྟན་དོན། ངལ་རྩོལ་བ་བཙན་བསྡུ་བྱས་པའི་གྱོད་དོན་ལ་བརྟེན་ནས་ལོ་རྒྱུས་གནད་དོན་དང་དཔལ་འབྱོར་གནད་དོན་གཅིག་འདྲེས་སུ་བརྗོད་ན། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ལ་ཕན་ཐོགས་མེད་པ་གསལ་བོར་ཤེས་ཐུབ་ཟེར། ཅང་ཁྲ་དབྱེ་ཡིས་བསྟན་དོན། ཕྱོགས་སོ་སོའི་རྩ་དོན་བརྩི་སྲུང་བྱས་པའི་རྨང་གཞིའི་སྟེང་ངལ་རྩོལ་པ་བཙན་བསྡུ་བྱས་པར་སྐྱིན་ཚབ་སྤྲོད་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ཇུས་གཞི་མི་ཉུང་བ་ཡོད་པ་དང་། བློ་གྲོས་གཅིག་བསྡུས་བྱས་ཤིང་སེམས་པ་རྣམ་དག་གིས་གྲོས་བསྡུར་བྱས་ན་ཐག་གཅོད་བྱེད་ཐབས་རྙེད་སྲིད་པར་ཡིད་ཆེས་ཡོད་ཟེར། 

དེ་ལས་གཞན་ཅང་ཁྲ་དབྱེ་ཡིས་བཤད་རྒྱུར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཁོས་ཧན་གོ་དང་འཇར་པན་གྱི་འབྲེལ་བ་སླར་གསོ་བྱེད་པར་འབད་འབུངས་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་ངག་བཅོལ་བྱས་ཡོད་པར་མ་ཟད། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་བར་བརྗེ་རེས་ཞིབ་ཏུ་བྱེད་འདོད་ཡོད་ལ། ཁོས་མི་འགྱངས་པར་རྒྱལ་ཡིག་སྤྲོད་པའི་སྐབས་སུ་ཅན་དབྱེ་ཝེ་ལ་ཝུན་ཙེ་ཡུན་གྱི་བསམ་ཚུལ་དུ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།