ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཀྲུའུ་ནེ་ནཱ་ས་ཁུལ་དུ་ཚེས་བཅུ་དྲུག་ཉིན་གྱི་ཚུན་ལ་བསྟུད་མར་དྲག་ཤུགས་འཁྲུག་རྩོད་དོན་རྐྱེན་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་གོ་བདུན་ལ་རྨས་ཕོག་ཡོད་ཟེར།
ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་སྨན་པའི་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་ཚུན་ལ། འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད། ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གིས་ས་དེའི་སྨན་བཅོས་ལས་ཁུངས་ལ་སྐྱེལ་འདྲེན་རླངས་འཁོར་འདོན་སྤྲོད་བྱས་ཏེ། རྨས་མ་དག་མྱུར་སྐྱོབ་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།
དྲག་ཤུགས་འཁྲུག་རྩོད་བྱུང་བའི་རྗེས་སུ། ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་གི་དབང་འཛིན་ལས་ཁུངས་ཀྱིས་ཚེས་བཅུ་དྲུག་ཉིན་ནས་བཟུང་མཚན་མགྲོན་འགོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། འཁྲུག་རྩོད་བྱུང་སའི་ས་ཁུལ་དུ་དྲག་ཆས་དམག་དཔུང་མངགས་ནས་སྒྲིག་ལམ་སླར་གསོ་བྱེད་རྒྱུ་ཐག་བཅད། དེའི་ཞོར་དུ་སུའུ་ཏན་གྱི་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གིས་དམག་ཕྱོགས་དང་བདེ་འཇགས་དང་ཁྲིམས་འཛིན་སོགས་སྡེ་ཁག་གིས་གྲུབ་པའི་མཐོ་རིམ་འཐུས་ཚབ་ཚོགས་པ་མྱུར་མོར་ཀྲུའུ་ནེ་ནཱ་རུ་མངག་ནས་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།
བསྒྲགས་པ་ལྟར་ན། ཐེངས་འདིའི་དྲག་ཤུགས་འཁྲུག་རྩོད་དེ་ཆེས་ཐོག་མར་ས་དེའི་མི་སེར་དཀྱུས་མ་གཉིས་ཀྱི་བར་ཚེས་བཅུ་དྲུག་ཉིན་བྱུང་བའི་གཞི་རྒྱ་ཆུང་བའི་འཁྲུག་རྩོད་ཅིག་ལས་བྱུང་བ་ཡིན་པ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ནུབ་མ་ཀྲིག་ཏུ་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར།