ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་འདེམ་བསྐོ་ཆེན་མོའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ཙུང་ཐུང་བཀའ་རྒྱ་བཀོད་དེ། འདེམ་བསྐོ་ཆེན་མོའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱས། འདེམ་བསྐོ་ཆེན་མོ་དེར་ཕཱ་ལེ་སི་ཐན་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་དང་ཙུང་ཐུང་འདེམ་བསྐོ། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཕཱ་ལེ་སི་ཐན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་བཅས་འདུས་ཡོད་པ་རེད། 

ཙུང་ཐུང་གི་བཀའ་རྒྱ་ལྟར་ན། ཕཱ་ལེ་སི་ཐན་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་དང་ཙུང་ཐུང་འདེམ་བསྐོ། ཕཱ་ལེ་སི་ཐན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་བཅས་སོ་སོར་ཟླ་ལྔ་བའི་ཚེས་ཉེར་གཉིས་དང་། ཟླ་བདུན་པའི་ཚེས་སོ་གཅིག ཟླ་བརྒྱད་པའི་ཚེས་སོ་གཅིག་བཅས་ལ་སྤེལ་རྒྱུ་ཡིན་པ་དང་། འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཡེ་ལུའུ་སཱ་ལེམ་ཤར་མ་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ས་ཁུལ་ཚང་མ་ནས་སྤེལ་རྒྱུ་རེད། 

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཕཱ་ལེ་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནཱ་སེ་ཨར་ལ་ཐུག་འཕྲད་བྱས་རྗེས་འདེམ་བསྐོ་དང་འབྲེལ་བའི་ཙུང་ཐུང་བཀའ་རྒྱ་དེ་བཀོད་པ་རེད་ཟེར། 

ཉེ་སྔོན་ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་ཕཱ་ལེ་སི་ཐན་གྱི་འདེམ་བསྐོ་ཆེན་མོར་རྒྱབ་སྐྱོར་བྱེད་པ་དང་། འདེམ་བསྐོའི་མཇུག་འབྲས་ལ་བརྩི་འཇོག་བྱེད་རྒྱུའི་ཚུལ་བསྟན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།