ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡའི་སུའུ་ལཱ་ཝེ་ཞི་ནུབ་མ་ཞིང་ཆེན་དུ་ཚད་རིམ་དྲུག་ཚེག་གཉིས་ཀྱི་ས་འགུལ་བྱུང་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་བཞི་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡའི་སུའུ་ལཱ་ཝེ་ཞི་ནུབ་མ་ཞིང་ཆེན་དུ་ཚེས་བཅུ་བཞི་ཉིན་གྱི་ནམ་གུང་ཚད་རིམ་དྲུག་ཚེག་གཉིས་ཀྱི་ས་འགུལ་བྱུང་ནས་ཁང་པ་མང་པོ་བརྡིབས། ཧིན་རྡུ་ཉི་ཞི་ཡའི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་པ་ལྟར་ན། ས་འགུལ་ཁྲོད་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞི་ལ་རྨས་ཕོག

ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ཁམས་ཅུའུ་ཡི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ས་འགུལ་དེ་ཡཱ་ཅ་ཏའི་དུས་ཚོད་གཅིག་དང་སྐར་མ་ཉེར་བརྒྱད་དེ་པེ་ཅིང་གི་དུས་ཚོད་གཉིས་དང་སྐར་མ་ཉེར་བརྒྱད་སྟེང་བྱུང་བ་ཡིན་ལ། ས་འགུལ་གྱི་དཀྱིལ་སྙིང་ནི་སུའུ་ལཱ་ཝེ་ཞི་ནུབ་མ་ཞིང་ཆེན་གྱི་མཱ་ཅེ་ནེ་རྫོང་གི་ཁོངས་ཡིན་ལ། ས་འགུལ་འབྱུང་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། ས་འགུལ་གྱི་དཀྱིལ་སྙིང་དང་ཐག་ཅུང་ཉེ་བའི་ཡུལ་ཚོ་དང་གྲོང་རྡལ་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། ས་འགུལ་གྱི་དཀྱིལ་སྙིང་དང་བར་ཐག་སྤྱི་ལེ་བརྒྱ་ཕྲག་འགའ་ཡོད་པའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕ་ལུའུ་དང་སུའུ་ལཱ་ཝེ་ཞི་ལྷོ་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཝང་ཅ་ཞི་རུ་ཡང་ས་འགུལ་གྱི་ཚོར་སྣང་བྱུང་། ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་ས་ཁམས་ཅུའུ་ཡིས་ཐེངས་འདིའི་ས་འགུལ་ལས་མཚོ་འཕྱུར་བའི་ཉེན་བརྡ་མ་བཏང་མོད། ཡིན་ནའང་ས་འགུལ་དཀྱིལ་སྙིང་གི་ཉེ་འདབས་སུ་ལྷག་འགུལ་འབྱུང་སྲིད་པའི་ཉེན་བརྡ་བཏང་བར་མ་ཟད། སྡོད་དམངས་ཀྱིས་དོགས་ཟོན་བྱེད་དགོས་པའི་གསལ་འདེབས་བྱས།

ཧིན་རྡུ་ཉི་ཞི་ཡའི་སྨྱན་ལམ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ལཱ་ཝེ་ཞི་ནུབ་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མཱ་མུའུ་ཀྲུའུ་ནི་ས་འགུལ་གྱི་དཀྱིལ་སྙིང་དང་བར་ཐག་སྤྱི་ལེ་སོ་བཞི་མ་གཏོགས་མེད་པས། ཁང་པ་མང་པོ་བརྡིབས་སོང་ལ། དེའི་ནང་དུ་ཞིང་ཆེན་སྲིད་གཞུང་གི་ཐོག་ཁང་ཁ་ཤས་བརྡིབས་ནས་བདེ་སྲུང་མི་སྣ་གཉིས་འོག་ཏུ་མནན་སོང་། མགྲོན་ཁང་དང་སྨན་ཁང་གི་ཁང་པ་ཁ་ཤས་ལ་ཡང་ཚད་མི་འདྲ་བའི་གཏོར་བརླག་ཐེབས་སོང་ཟེར།

ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོ་སྐོར་བའི་ས་འགུལ་རྒྱུད་དུ་གནས་ཡོད་པས། ལོ་རེར་ས་འགུལ་ཆེ་ཆུང་སྟོང་ཕྲག་འགའ་འབྱུང་བཞིན་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་པར། ཧིན་རྡུ་ཉི་ཞི་ཡའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་ཏུང་ཅ་ལཱ་རྫོང་དུ་ཚད་རིམ་བདུན་ཚེག་བཞིའི་ས་འགུལ་བྱུང་བ་དང་། ས་འགུལ་དེ་དང་དེ་ལས་བྱུང་བའི་མཚོ་འཕྱུར་བའི་གནོད་པ་ལས་མི་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།