ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཀྲུང་གོས་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202101151018427xAr (1).jpg

ཟླ་དང་པོའི་ཚེས14ཉིན། ཐུར་ཁེའི་ཙུང་ཐུང་ཨའེ་ཨར་ཏོ་ཨན་གྱིས་ཨན་ཁ་རའི་སྨན་ཁང་ཞིག་ནས་ཀྲུང་གོའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨའེ་ཨར་ཏོ་ཨན་གྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་རྒྱལ་ས་ཨན་ཁ་ར་ནས་ཀྲུང་གོའི་ཁི་ཞིན་ཀུང་ཟིས་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ། ཨའེ་ཨར་ཏོ་ཨན་གྱིས་དེའི་རྗེས་སུ་སྤྱི་ཚོགས་སྨྱན་ལམ་དུ་གནས་ཚུལ་དེ་བསྒྲགས།

ཨའེ་ཨར་ཏོ་ཨན་གྱིས་བཤད་རྒྱུར། ཐུར་ཁེའི་སྲིད་འཛིན་ཏང་གི་དྲང་བདེན་དང་འཕེལ་རྒྱས་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཁོ་དང་མཉམ་དུ་འགོག་སྨན་བརྒྱབ་ཟེར། ཁོས་ཐུར་ཁེའི་སྲིད་ཏང་གི་གཙོ་འཛིན་དང་གྲོས་མི་རྣམས་ཀྱིས་མང་ཚོགས་ཀྱིས་འགོག་སྨན་རྒྱག་པ་དང་ལེན་དང་ཁས་ལེན་བྱེད་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨའེ་ཨར་ཏོ་ཨན་གྱིས་བཤད་རྒྱུར། ཐུར་ཁེའི་རྒྱལ་ཡོངས་སུ་སྨན་བཅོས་མི་སྣ་འབུམ་གཉིས་དང་ཁྲི་ལྔ་ལྷག་གིས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་ཡོད་ལ། འགོག་སྨན་བརྒྱབ་པའི་བརྒྱུད་རིམ་བདེ་བླག་ཡིན་ལ། མཇུག་འབྲས་ཡིད་ཚིམས་པ་ཞིག་རེད།

ཐུར་ཁེའི་འཕྲོད་བསྟེན་དཔོན་པོ་ཁི་ཅ་ཡིས་ཚེས་བཅུ་གསུམ་ཉིན་ཀྲུང་གོའི་ཁི་ཞིན་ཀུང་ཟིས་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་པར་མ་ཟད། མང་ཚོགས་ཡུལ་དངོས་ཀྱི་གནས་ཚུལ་བརྙན་འཕྲིན་ལས་ཐད་གཏོང་བྱས། དེའི་སྔོན་ལ་ཁི་ཅ་ཡིས་ཐུར་ཁེའི་རང་འགུལ་གྱིས་ཁི་ཞིན་ཀུང་ཟིས་གསར་སྤེལ་བྱས་པའི་འགོག་སྨན་རྒྱག་འདོད་མཁན་དག་གི་གྲངས་ཀར་ཐོག་མར་དབྱེ་ཞིབ་བྱས་པ་ལས། ཁི་ཞིན་ཀུང་ཟིས་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ལ་ཕན་ནུས་ལྡན་ཚད་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་གཉིས་ལྔར་བསླེབས་ཡོད་ཅེས་བཤད་མྱོང་།

ཐུར་ཁེས་ཀྲུང་གོའི་ཁི་ཞིན་ཀུང་ཟི་ནས་ཉོས་པའི་སྐོར་དང་པོའི་འགོག་སྨན་ཐུམ་ས་ཡ་གསུམ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁ་ར་ལ་དྲུད་ནས་ཐོན། ཐུར་ཁེ་སྲིད་གཞུང་གི་འཆར་གཞི་ལྟར་ན། དུས་རིམ་དང་པོར་མི་ས་ཡ་དགུ་ལ་འགོག་སྨན་རྒྱག་རྒྱུ་ཡིན་པ་དང་། འགོག་སྨན་རྒྱལ་ཡུལ་གཙོ་བོ་ནི་སྨན་བཅོས་མི་སྣ་དང་ཉེན་ཁ་ཆེན་པོ་ཡོད་པའི་མི་ཚོགས་རེད།

ཐུར་ཁེའི་འཕྲོད་བསྟེན་པུའུ་ཡི་དྲ་ཚིགས་སྟེང་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། རྒྱལ་ཁབ་དེ་རུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་སྟོང་བརྒྱད་དང་དགུ་བརྒྱ་རེ་གཉིས་གསར་དུ་བྱུང་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་སྟོང་བཞི་བརྒྱད་བརྒྱ་དང་གཅིག་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་བདུན་ཅུ་གསར་དུ་འཕར་བ་དང་། བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་གསུམ་བཞི་བརྒྱ་གོ་ལྔ་རྐྱེན་ལམ་དུ་ཤོར། དྲག་སྐྱེད་བྱུང་བའི་ནད་པ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་སོ་བརྒྱད་ལ་བུད་ཡོད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།