ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་བྱེ་བ་དགུ་ལས་བརྒལ་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གྲངས་ཀ་ཆེས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་བྱེ་བ་དགུ་ལས་བརྒལ་འདུག

གྲངས་ཀ་ལྟར་ན། ཡོ་རོབ་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་དུས་ཚོད་དགུ་དང་སྐར་མ་ཞེ་བདུན་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་བྱེ་བ་དགུ་དང་ཁྲི་ལྔ་སྟོང་བཞི་བརྒྱད་བརྒྱ་བཅུ་གསུམ་ཡོད་པ་དང་། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་དགུ་ཁྲི་བཞི་སྟོང་ལྔ་དྲུག་བརྒྱ་བཅུ་ཐམ་པ་རྐྱེན་ལམ་དུ་ཤོར།

དེའི་ནང་དུ་ཨ་མེ་རི་ཁ་དང་རྒྱ་གར། པ་ཞི་བཅས་ནི་ངོས་བཟུང་བའི་ནད་པའི་གྲངས་ཀ་ཆེས་མཐོ་བའི་རྒྱལ་ཁབ་གསུམ་རེད། ཨ་མེ་རི་ཁ་ནས་ནད་པ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་བཞི་ཁྲི་གཉིས་སྟོང་བརྒྱད་ལྔ་བརྒྱ་གོ་གཅིག་ངོས་བཟུང་བ་དང་། བསྡོམས་པས་ནད་པ་འབུམ་གསུམ་དང་ཁྲི་བདུན་སྟོང་གསུམ་སུམ་བརྒྱ་ཉེར་དགུ་རྐྱེན་ལམ་དུ་ཤོར། རྒྱ་གར་ནས་ནད་པ་བྱེ་བ་གཅིག་འབུམ་བཞི་ཁྲི་དགུ་སྟོང་ལྔ་བརྒྱ་དང་ཞེ་བདུན་ངོས་བཟུང་བ་དང་། ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་ལྔ་བརྒྱ་ཉེར་དགུ་རྐྱེན་ལམ་དུ་ཤོར། པ་ཞི་ནས་ནད་པ་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་གསུམ་སྟོང་གཅིག་དྲུག་བརྒྱ་བཅུ་གཉིས་ངོས་བཟུང་བ་དང་། ནད་པ་འབུམ་གཉིས་དང་སྟོང་གསུམ་ལྔ་བརྒྱ་བརྒྱད་ཅུ་རྐྱེན་ལམ་དུ་ཤོར། ནད་པ་ངོས་བཟུང་བའི་གྲངས་ཀ་ཅུང་མང་བའི་རྒྱལ་ཁབ་ཀྱི་གྲས་སུ་ད་དུང་ཨུ་རུ་སི་དང་དབྱིན་ཇི། ཧྥ་རན་སི། དབྱི་ཐ་ལི། སི་ཕན། འཇར་མན། ཁོ་ལོམ་པི་ཡ། ཨ་ཀེན་ཐིན། མོ་ཞི་ཁོ་སོགས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་འཕྲལ་བསྟུན་རྣམ་གྲངས་ཀྱི་འགན་ཁུར་བ་རོས་ཨན་གྱིས་ཉེ་སྔོན་པྲོག་གསར་གློ་ཚད་ཀྱིས་མིའི་རིགས་ལ་ཉེན་བརྡ་ཞིག་བཏང་བ་ནི། མི་རྣམས་ཀྱིས་ཕྱོགས་སོ་སོ་ནས་མ་འོངས་པའི་འགྲན་སློང་ལ་ཇི་ལྟར་ཁ་གཏད་སྔར་ལས་བཟང་པོ་འཇལ་བར་སློབ་སྦྱོང་བྱེད་རྒྱུ་དེ་རེད་ཅེས་ནན་གྱིས་བཤད། ཁོས་བལྟས་ན་ཆེས་གལ་ཆེ་བའི་བསླབ་བྱ་ནི་མ་འོངས་པའི་འགྲན་སློང་ལ་འཕྲད་སྐབས། འཛམ་གླིང་ཡོངས་ཀྱིས་སེམས་ཤུགས་གཅིག་མཐུན་གྱིས་མཉམ་དུ་བྱེད་ཐབས་སྤྱོད་རྒྱུ་དེ་ཡིན་པར་འདོད། རོས་ཨན་གྱིས་ད་དུང་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ལ་ནུས་པ་ཡོད་པ་ཤ་སྟག་ཡིན་ནའང་། ད་ལྟ་དུས་ནམ་ཞིག་ལ་པྲོག་གསར་ནད་དུག་རྩ་མེད་དུ་གཏོང་ཐུབ་པའི་སྐོར་གླེང་ན་སྔ་དྲགས་སོང་། མིག་སྔར་འགོག་སྨན་རྒྱག་པའི་དམིགས་འབེན་གཙོ་བོ་ནི་ནད་དུག་འགོས་ཚད་ཇེ་ཆུང་དུ་གཏོང་རྒྱུ་དང་། མི་སྔར་ལས་མང་པོའི་སྲོག་སྐྱོབ་རྒྱུ་སོགས་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།