རྒྱལ་སྲིད་ཨུ་ཡོན་ཝང་དབྱི་ཡིས་འབར་མར་འཚམས་འདྲི་གནང་སྐབས་ཐོབ་པའི་ཆབ་སྲིད་ཐུན་མོང་ངོས་འཛིན་དང་བྱེ་བྲག་གི་གྲུབ་འབྲས།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ1པའི་ཚེས11ཉིན་ནས་ཚེས12ཉིན་བར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་འབར་མར་འཚམས་འདྲི་མཛད་སྐབས། ཕྱོགས་གཉིས་ཀྱི་ཀྲུང་འབར་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་ཆབ་སྲིད་ཐུན་མོང་ངོས་འཛིན་མང་པོ་བྱུང་། 

གཅིག མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མར་འཚམས་འདྲི་གནང་བའི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་དང་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་འགོ་ཁྲིད་པས་ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས་ལོ་གཅིག་འཁོར་བའི་དུས་འདིར་ཕྱོགས་གཉིས་ཀྱིས《ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་བྱེད་སྤྱོད་འཆར་གཞིའི》ཡིག་ཆའི་ཐད་རྩ་དོན་གཅིག་མཐུན་བྱུང་ནས་དུས་ཐོག་ཏུ་གང་མགྱོགས་ངང་མིང་མཆན་བཀོད། 

གཉིས། རིམས་ནད་འགོག་བཅོས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ཏེ་མཉམ་འགོག་མཉམ་བཅོས་གཏིང་ཟབ་ཏུ་བཏང་ནས་དགོས་ངེས་ཀྱི་མི་སྣ་འགྲོ་འོང་གི“སྟབས་བདེའི་བགྲོད་ལམ”དང་དངོས་ཟོག་སྐྱེལ་འདྲེན་གྱི“ལྗང་མདོག་བགྲོད་ལམ”འཐུས་ཚང་དུ་བཏང་། ཀྲུང་གོས་འབར་མའི་དགོས་མཁོར་གཞིགས་ནས་རིམས་འགོག་དངོས་ཟོག་མུ་མཐུད་མཁོ་འདོན་བྱས་ནས་འབར་མར་རིན་མི་དགོས་པར་པྲོག་གསར་རིམས་འགོག་སྨན་ཁབ་ཁག་གཅིག་མཁོ་འདོན་བྱ་རྒྱུ་དང་། རིམས་འགོག་སྨན་ཁབ་མཉམ་ལས་བྱ་རྒྱུའི་ཐད་མུ་མཐུད་གྲོས་མོལ་བྱ་རྒྱུརམ་གྲོས་མཆམ་བྱུང་།    

གསུམ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱས་ནས་ཀྲུང་འབར་དཔལ་འབྱོར་བར་ཁྱམས་སྤུས་ཚད་མཐོན་པོའི་སྒོསབསྐྲུན་པ་དང་། ཅའོ་ཕུའུ་དཔལ་འབྱོར་དམིགས་བསལ་ཁུལ་དང་ཡང་ཀོང་གྲོང་གསར་། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་འདེགས་སྐྱོར་རྣམ་གྲངས་ཕྱོགས་གསུམ་དང་ཕན་ཚུན་སྦྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་བཏང་། ཀྲུང་གོས་འབྲེལ་ཡོད་རྣམ་གྲངས་ཀྱི་མཉམ་ལས་དང་ཟུང་འབྲེལ་བྱས་ཏེ་འབར་མར་གཟིགས་སྐྱོང་དངུལ་བུན་སོགས་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུར་བསམ་གཞིག་ཧུར་ཐག་བྱས་ནསG20ཡི་བུ་ལོན་ཕྱིར་འགྱངས་གྲོས་འགོའི་བཀོད་སྒྲིག་ཐད་འབར་མ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད། 

བཞི། ཀྲུང་གོ་དང་འབར་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་ལག་བསྟར་ཡག་པོ་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་གཞི་ཁྱོན་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུ།   

ལྔ། མི་ཆོས་རིག་གནསའབྲེལ་འདྲིས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ཀྱིས་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། རིམས་ནད་སོགས་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ནས་ཕྱོགས་གཉིས་ཀྱིས་ཀྲུང་འབར་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཀྲུང་འབར་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ2021ལོར་སྣུར་སྲིང་བྱས་པ། 

 དྲུག ཀྲུང་གོས་འབར་མས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་དགའ་བསུ་ཞུས་པ་དང་། འབར་མ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་བའི་ངེས་གནས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་སྔོན་པོ་བཙུགས་ཏེ《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》དེ་མགྱོགས་མྱུར་ངང་ནུས་པ་ཐོན་རྒྱུར་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

བདུན། ད་ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ལོ་འཁོར་ལྔའི་གོ་སྐབས་ལ་བརྟེན་ནས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཤིང་། ཆུའི་ཐོན་ཁུངས་ཀྱི་མཉམ་ལས་ཇེ་བརྟན་དུ་བཏང་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དང“སྐམ་མཚོའི་བགྲོད་ལམ་གསར་པའི”སྦྲེལ་མཐུད་ཡག་པོ་བྱས་པ།  

 བརྒྱད། 《གོ་ལ་ཧྲིལ་པོའི་གྲངས་གཞི་བདེ་འཇགས་ཀྱི་གྲོས་འགོ》ལ་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲ་རྒྱའི་བདེ་འཇགས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ།  

 དགུ ཀྲུང་གོ་དང་འབར་མས་ཐུན་མོང་ཐོག་གྲོས་འགོ་བཏོན་ཞིང་ལག་ལེན་བསྟར་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཕྱོགས་གཉིས་པོའི་ལུགས་མཐུན་ཁེ་དབང་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱར་ཐུན་མོང་ཐོག་སྲུང་སྐྱོང་བྱས་པ།  

བཅུ། ཀྲུང་གོས་འབར་མར་བཟུང་བའི་མཛའ་གྲོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ་དང་། འབར་མས་འདེམས་བསྐོ་ཆེན་པོའི་རྗེས་ཀྱི་ཆབ་སྲིད་གྲོས་རིམ་ལ་སྐུལ་འདེད་གཏོང་བ་དང་འབར་མའི་སྲིད་གཞུང་གསར་པའི་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་བསྐྱར་བསྒྲགས་བྱས་པ།   

བཅུ་གཅིག ཀྲུང་གོས་འབར་མས“པིན་ལུང་གི་སྙིང་སྟོབས”མུ་མཐུད་མཐའ་འཁྱོངས་བྱས་ནས་རྒྱལ་ནང་གི་མི་རིགས་འདུམ་འགྲིག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། འབར་མ་དང་མཉམ་དུ་ས་མཚམས་བརྒལ་བའི་རྒྱན་འགྱེད་དང་དྲ་རྒྱའི་གཡོ་བསླུ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། 

བཅུ་གཉིས། ཀྲུང་གོས་འབར་མས་རུའོ་ཁའེ་པང་གི་གནད་དོན་ལ་ཁ་གཏད་འོས་འཚམ་གཅོག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། འབར་མ་དང་བྷང་ག་ལཱ་བར་གྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ནས་ཟང་འཁྲིག་ལ་བཞོལ་བའི་དམངས་ཚོགས་སྐོར་དང་པོ་གང་མགྱོགས་ངང་ཕྱིར་སྐྱེལ་རྒྱུར་རྒྱབ་སྐྱོར་བྱེད་པ།  

ཐེངས་འདིའི་འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་ཀྱིས་ད་དུང་ཞིབ་ཕྲའི་གྲུབ་འབྲས་དོན་ཚན་བརྒྱད་ལ་མིང་མཆན་བཀོད་པའམ་ཁྱབ་བསྒྲགས་བྱས་ཡོད་དེ། 

གཅིག 《ཀྲུང་འབར་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད》ལ་མིང་མཆན་བཀོད་པ།

གཉིས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད》ལ་མིང་མཆན་བཀོད་པ། 

གསུམ། ཀྲུང་གོས་འབར་མར་རོགས་སྐྱོར་གྱི་རིམས་ནད་ཚོད་འཛིན་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ། 

བཞི། ཀྲུང་གོས་འབར་མ་ལ་རིམས་འགོག་དངོས་ཟོག་ཁག་གཅིག་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ། 

ལྔ། ཀྲུང་གོས་འབར་མའི་ཞི་བའི་འཕེལ་རིམ་ལ་ལོ་རེའི་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ། 

དྲུག 《ཀྲུང་འབར་ལྕགས་ལམ་གྱི་མན་ཏེ་ལེ-ཅའོ་ཕུའུ་ལམ་དུམ་གྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་གུ་ཡངས་དྲན་ཐོར》མིང་རྟགས་བཀོད་པ།

བདུན། འབར་མའི་ཁེ་ཆིན་པང་གི་ཡུལ་གྱར་བར་རོགས་སྐྱོར་བྱས་ནས་སྡོད་གནས་སླར་སྐྲུན་རྣམ་གྲངས་ཀྱི་སྤྲོད་ལེན་ཡིག་ཆར་མིང་མཆན་བཀོད་པ།  

བརྒྱད། ཀྲུང་གོས་འབར་མར་རོགས་སྐྱོར་གྱི་ཀོན་ནུང་ཟམ་ཆེན་སྐྲུན་འགོ་བཙུགས་པ་ཁྱབ་བསྒྲགས་བྱས་པ། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།