ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་དམངས་གཙོ་ཏང་མིས་ཐི་ལིང་ཕུའུ་ལ་དམིགས་པའི་ཉེས་འདོན་དོན་ཚན་འཆར་ཟིན་སྤྲད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་དམངས་གཙོ་ཏང་མིས་ཚེས་བཅུ་གཅིག་ཉིན་ཐི་ལིང་ཕུའུ་ལ་དམིགས་པའི་ཉེས་འདོན་དོན་ཚན་འཆར་ཟིན་སྤྲད་དེ། ཐི་ལིང་ཕུའུ་ཡིས་ཟིང་འཁྲུག་ལ་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས། 

ཉིན་དེའི་སྔ་དྲོར། དམངས་གྲོས་ཁང་གི་ལས་གནས་མང་ཆེ་བ་བཟུང་བའི་དམངས་གཙོ་ཏང་མིས་དམངས་གྲོས་ཁང་གིས་ཙུང་ཐུང་གཞོན་པ་ཕིན་སི་ཡིས་ཨ་མེ་རི་ཁའི་རྩ་ཁྲིམས་ཀྱི་དོན་ཚན་ཉེར་ལྔ་བའི་བཟོ་བཅོས་འཆར་ཟིན་ལྟར་དུ་ཐི་ལིང་ཕུའུ་ཡི་འགན་ལེན་པའི་གྲོས་གཞིར་ཆོག་མཆན་འགོད་པར་སྐུལ་འདེད་བཏང་ཡང་། སྤྱི་མཐུན་ཏང་མིས་དེར་ངོ་རྒོལ་བྱས། དམངས་གཙོ་ཏང་མིས་དེའི་རྗེས་སུ་ཤོག་ངོས་བཞི་ཡོད་པའི་ཉེས་འདོན་དོན་ཚན་འཆར་ཟིན་སྤྲད་པ་རེད། 

དམངས་གཙོ་ཏང་མིས་འཆར་ཟིན་ཁྲོད་དུ་ཐི་ལིང་ཕུའུ་ལ་དམིགས་པའི་ཉེས་འདོན་དོན་ཚན་གཅིག་བཏོན་ནས། ཐི་ལིང་ཕུའུ་ཡིས་ཟིང་འཁྲུག་ལ་ངན་སྐུལ་དང་དབང་ཤུགས་ཀྱི་ཞི་བའི་བར་བརྒལ་ལ་ཐེ་གཏོགས་བྱས་པའི་སྐྱོན་འཛུགས་བྱས། འཆར་ཟིན་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡི་བྱ་སྤྱོད་དེས་ཨ་མེ་རི་ཁ་དང་ཨ་མེ་རི་ཁའི་སྲིད་གཞུང་ལས་ཁུངས་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པ་དང་། ཨ་མེ་རི་ཁའི་མི་དམངས་ལ་མངོན་གསལ་གྱི་གནོད་པ་བཟོས་ཡོད། གལ་ཏེ་ཁོར་མུ་མཐུད་དུ་སྲིད་སྐྱོང་དུ་བཅུག་ན། རྒྱལ་ཁབ་ཀྱི་བདེ་འཇགས་དང་དམངས་གཙོ། རྩ་ཁྲིམས་ལས་ཁུངས་བཅས་ལ་འཇིགས་ཉེན་ཐེབས་སྲིད་ཟེར། 

དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཚེས་བཅུ་ཉིན་མངོན་གསལ་གྱིས་བསྟན་དོན། གལ་ཏེ་ཕིན་སི་དང་ཐི་ལིང་ཕུའུ་འདུས་པའི་ནེ་ཀིའི་ཁོངས་མི་མང་ཆེ་བས་ཐི་ལིང་ཕུའུ་ཡི་དབང་ཆ་ལེན་པར་བསམ་བློ་མི་གཏོང་ན། དམངས་གྲོས་ཁང་གིས་ཉེས་འདོན་དོན་ཚན་འཆར་ཟིན་ལ་འདེམ་ཤོག་འཕེན་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཐི་ལིང་ཕུའུ་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་འགན་ཡུན་ནང་དུ་ཉེས་འདོན་ཐེངས་གཉིས་ཐེབས་པའི་ཙུང་ཐུང་དུ་འགྱུར་ངེས་རེད་ཟེར། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་དམངས་གྲོས་ཁང་གི་དམངས་གཙོ་ཏང་མིས་ཉེས་འདོན་འཕེལ་རིམ་མགོ་རྩོམ་པའི་གོམ་པ་དང་པོ་ཡིན་པ་དང་། མིག་སྔར་ཉེས་འདོན་དོན་ཚན་ལ་གྲོས་འཆམ་འབྱུང་བར་མཁོ་བའི་འདེམ་ཤོག་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ཡོད་ལ། སྤྱི་མཐུན་ཏང་གི་དམངས་གྲོས་ཁང་གི་གྲོས་མི་རེ་འགའ་ཡིས་ཀྱང་ཉེས་འདོན་དེར་རྒྱབ་སྐྱོར་བྱེད་པར་བསམ་བློ་གཏོང་བཞིན་ཡོད་པ་རེད། 

ཨ་མེ་རི་ཁའི་རྩ་ཁྲིམས་ལྟར་ན། གལ་ཏེ་ཙུང་ཐུང་གི་ཉེས་འདོན་དོན་ཚན་ལ་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་ན། ཙུང་ཐུང་ལ་དངོས་སུ་ཉེས་འདོན་བྱས་པ་ཡིན། དེའི་རྗེས་སུ་གྲོས་ཞུགས་ཁང་གིས་ཉེས་འདོན་གྱོད་དོན་ལ་གྲོས་ཞིབ་བྱེད་དགོས། གལ་ཏེ་སུམ་ཆའི་གཉིས་ཀྱི་གྲོས་ཞུགས་ཁང་གི་གྲོས་མིས་ཉེས་འདོན་དོན་ཚན་ལ་རྒྱབ་སྐྱོར་བྱས་ན། ཙུང་ཐུང་ལ་ཉེས་ཁྲིམས་བཅད་ནས་ལས་འགན་བསྐྱུར་དུ་འཇུག་ངེས་རེད། 

ཨ་མེ་རི་ཁའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། དམངས་གྲོས་ཁང་གིས་ཐི་ལིང་ཕུའུ་ལ་ཉེས་འདོན་བྱེད་པ་དང་མྱུར་དུ་གྲོས་ཞུགས་ཁང་ལ་ཉེས་འདོན་དོན་ཚན་སྤྲད་ན་ཡང་། གྲོས་ཞུགས་ཁང་གིས་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་པེད་ཏིན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་སྔོན་ལ་ཉེས་འདོན་གྱོད་དོན་དེར་གྲོས་ཞིབ་བྱེད་མི་སྲིད་པར་འདོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།