ཧན་གོའི་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་པོ་དབྱི་ལིང་དུ་སོང་ནས་བཀག་ཉར་བྱས་པའི་སྣུམ་འདྲུད་གྲུ་གཟིངས་ཕྱིར་གཏོང་བར་གྲོས་མོལ་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཞོན་པ་དང་པོ་ཚོས་ཀྲུང་ཅན་ཚེས་བཅུ་ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་ལམ་དུ་ཆས་ནས་དབྱི་ལིང་དུ་སོང་སྟེ། དབྱི་ལིང་ཕྱོགས་ཀྱིས་གང་མགྱོགས་སྒོས་བཀག་ཉར་བྱས་པའི་ཧན་གོའི་སྣུམ་འདྲུད་གྲུ་གཟིངས་དང་གྲུ་བ་ཕྱིར་གཏོང་བར་བརྩོན་ལེན་བྱེད་རྒྱུ་རེད། 

དབྱི་ལིང་ཕྱོགས་ཀྱིས་ཧན་གོའི་སྣུམ་འདྲུད་གྲུ་གཟིངས་ཀྱིས་རྒྱ་མཚོའི་ཁོར་ཡུག་ལ་སྦགས་བཙོག་བཟོས་པར་སྐྱོན་འཛུགས་བྱས་པ་དང་། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བལྟས་ན་གྲུ་གཟིངས་བཀག་ཉར་བྱས་པ་དེ་ཧན་གོའི་ཕྱོགས་ཀྱིས་ཧན་གོར་ཡོད་པའི་དབྱི་ལིང་གི་རྒྱུ་ནོར་བཀག་ཉར་བྱས་པའི་རྐྱེན་ཡིན་པར་བསམ་ཡོད། 

ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཚོས་ཀྲུང་ཅན་ཚེས་བཅུ་ཉིན་རིན་ཁྲོན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ལམ་དུ་ཆས་པ་དང་། ཁཱ་ཐར་བརྒྱུད་དེ་དབྱི་ལིང་དུ་འཕུར་བ་རེད། ཚོད་དཔག་བྱས་ན་ཁོས་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་པོ་གཞན་པར་ཐུག་འཕྲད་བྱེད་རྒྱུ་རེད། ཧན་གོའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ཞིག་ཚེས་བདུན་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་ཡོད་པ་རེད། 

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཚེས་བཞི་ཉིན་ཧན་གོའི་རྫས་འགྱུར་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་དེ་ཐེངས་མང་བོར་རྒྱ་མཚོའི་ཁོར་ཡུག་དང་འབྲེལ་བའི་བཅའ་ཁྲིམས་སྲོལ་ཡིག་ལ་འགལ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། སྣུམ་འདྲུད་གྲུ་གཟིངས་དེ་དང་གྲུ་བ་ཉི་ཤུ་དབྱི་ལིང་ལྷོ་ངོས་ཀྱི་ཨ་པཱ་སི་གྲུ་ཁ་ནས་བཀག་ཉར་བྱས། གྲུ་བའི་གྲས་སུ་ཧན་གོའི་མི་ལྔ་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།