ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་གཅིག་གྱུར་པུའུ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མཐུན་ལག་བསྟར་བྱ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་དགུ་ཉིན་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་ནང་དོན་ཐད་ནས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མཐུན་ལག་བསྟར་བྱེད་པའི་སེམས་འདུན་འགྱུར་མེད་བརྟན་པོ་ཡིན་ལ། ཧན་གོའི་ཕྱོགས་ཀྱིས་ནམ་རྒྱུན་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་དང་ཡུན་རིང་ཞི་བདེ་ཡོང་བ། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པའི་འདོད་བློ་བཅངས་ཡོད་ཟེར། 

གཅིག་གྱུར་པུའུ་ཡིས་ཉིན་དེར་སྤེལ་བའི་མགྲིན་ཚབ་པའི་དཔྱད་བརྗོད་ལས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། དཔྱད་བརྗོད་ལས་བཤད་རྒྱུར། ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བས་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱེད་པ་རྨང་གཞིར་བྱས་ཏེ། ཉེ་ལམ་ཕྱེད་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་གསར་བ་རྙེད་པར་རེ་སྒུག་བྱས་ཡོད་པ་དང་། ཞོར་དུ་ཨ་མེ་རི་ཁའི་སྐབས་གསར་བའི་སྲིད་གཞུང་གིས་ལས་འགན་ཁུར་བ་དེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་པས། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བའི་གྲོས་མོལ་སྔ་མོ་ནས་སླར་གསོ་བྱེད་པར་རེ་བས་ཁེངས་ཡོད་ཟེར། 

ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚེས་ལྔ་ཉིན་ཕེན་རང་ནས་འཚོགས་པ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་ཐད་ནས་སྤྱི་བསྡོམས་སྙན་ཞུ་ཕུལ། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། སྙན་ཞུ་ལས་ཧན་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྩ་དོན་རང་བཞིན་གྱི་ལངས་ཕྱོགས་རྒྱས་བཤད་བྱས་ཡོད་དེ། ཧན་གོའི་བར་གྱི་དགྲར་འཛིན་བྱ་སྤྱོད་མཚམས་བཞག་སྟེ་ནན་ཏན་གྱིས་ཁྲའོ་ཞན་དང་ཧན་གོའི་བར་བཀོད་པའི་བསྒྲགས་གཏམ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། སྙན་ཞུ་ལས་ད་རུང་བཤད་རྒྱུར། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ཡང་བསྐྱར་སླར་གསོ་དང་གསོན་ཤུགས་རྒྱས་པར་བྱེད་ཐུབ་མིན་དེ་ཧན་གོ་ཕྱོགས་ཀྱི་རྣམ་འགྱུར་ཁོ་ནར་རག་ལས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།