ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱིས་སོ་ཏི་ཨ་རབ་བར་གྱི་སྐམ་སའི་རྒྱུ་ལམ་ཡང་བསྐྱར་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་སྲིད་གཞུང་གིས་ཚེས་དགུ་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་སོ་ཏི་ཨ་རབ་བར་གྱི་སྐམ་སའི་རྒྱུ་ལམ་ཨ་པུའུ་སཱ་མུའུ་ལཱ་ཡང་བསྐྱར་སླར་གསོ་བྱས་ཏེ། མི་རྣམས་ཁཱ་ཐར་དུ་ཡོང་བར་སྟབས་བདེ་བཟོས་ཡོད་ཟེར། 

ཁཱ་ཐར་སྒོ་ཁྲལ་སྤྱི་ཁྱབ་ཁང་གིས་ཉིན་དེར་བཤད་རྒྱུར། ཁཱ་ཐར་དང་སོ་ཏི་ཨ་རབ་བར་དུ་སྐམ་མཚོ་མཁའ་གསུམ་གྱི་རྒྱུ་ལམ་སྒོ་འབྱེད་བྱེད་པའི་འབྲེལ་ཡོད་ལས་རིམ་ལྟར། སྒོ་ཁྲལ་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྡེ་ཁག་བར་རོགས་ལས་བྱས་ཏེ་ཨ་པུའུ་སཱ་མུའུ་ལཱ་རྒྱུ་ལམ་སླར་གསོ་བྱས་པ་ཡིན། དེ་ནི་མཚོ་ཁུགས་ཀྱི་འབྲེལ་ཐག་ཆད་པའི་ཉམས་ཉེན་བྱུང་བའི་ཚུན་ལ་རྒྱུ་ལམ་དེ་ཐོག་དང་པོར་སླར་གསོ་བྱས་པ་རེད། 

ཁཱ་ཐར་སྲིད་གཞུང་འཕྲིན་གཏོང་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་གྱི་རིམས་འགོག་སྲིད་ཇུས་ལྟར་ན། ཨ་པུའུ་སཱ་མུའུ་ལཱ་རྒྱུ་ལམ་བརྒྱུད་དེ་རང་གི་མངའ་ཁོངས་སུ་ཡོང་བའི་མི་སྣས་ངེས་པར་དུ་དུས་ཚོད་དོན་གཉིས་ནང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་བརྟག་དཔྱད་ཚད་འཇལ་བྱས་པའི་མཇུག་འབྲས་ལེགས་པའི་བདེན་དཔང་ཁྱེར་ཡོང་དགོས་པ་དང་། མངའ་ཁོངས་སུ་ཡོང་རྗེས་གཟའ་འཁོར་གཅིག་རིང་ལོག་བཀར་བྱེད་དགོས་པ་རེད། 

ཁི་ཝེ་ཐིའི་ཕྱི་འབྲེལ་བློན་ཆེན་ཨེ་ཧཱ་མེད་ཏི་ཡིས་ཟླ་འདིའི་ཚེས་བཞི་ཉིན་བཤད་རྒྱུར། ཁི་ཝེ་ཐིའི་རྒྱལ་ཁབ་གཙོ་འཛིན་ནཱ་ཝ་ཧྥུའུ་ཡིས་ཉིན་དེར་སོ་སོར་ཁཱ་ཐར་གྱི་མགོ་གཙོ་ཐཱ་མུས་མུའུ་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་གཉིས་ལ་ཁ་པར་བཏང་། ནཱ་ཝ་ཧྥུའུ་ཡིས་གྲོས་གཞི་བཏོན་པ་ལྟར། སོ་ཏི་ཨ་རབ་དང་ཁཱ་ཐར་གྱིས་ཚེས་བཞི་ཉིན་གྱི་དགོང་མོར་ནས་བཟུང་ཕན་ཚུན་བར་གྱི་སྐམ་མཚོ་མཁའ་གསུམ་གྱི་མཐའ་མཚམས་སྒོ་འབྱེད་བྱེད་པར་ཡིད་འཐད་བྱུང་། 

ཐཱ་མུས་མུའུ་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་གནའ་མཁར་ཨིག་ལཱ་ནས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོ་སཚོགས་ལ་ཞུགས། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཉིན་དེར་བསྟན་དོན། སོ་ཏི་ཨ་རབ་དང་པཱ་ལིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨེ་ཅིབ་བཅས་རྒྱལ་ཁབ་ཀྱིས་ཁཱ་ཐར་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།