ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཧང་ག་རིའི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ངང་ཟབ་ཏུ་ཕྱིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   མ་འཇོག་རྒྱ་ཆེར་བཏང་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་པ།

   2020ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རིང་། ཀྲུང་གོ་དང་ཧང་ག་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་ཇེ་ཟབ་ཏུ་ཕྱིན་ཏེ་མ་འཇོག་བསྡོམས་འབོར་དང་ཚོང་དོན་བསྡོམས་འབོར་ཤུགས་ཆེན་འཕར་བ་དང་། མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་ཐུབ་པ། མཉམ་ལས་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་བཅས་བྱུང་ཡོད། 2020ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ཀྲུང་གོ་དང་ཧང་ག་རིའི་ཕྱོགས་གཉིས་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་106.8ཟིན་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་། ཀྲུང་གོ་འདི་ཉིད་ཧང་ག་རིའི་ཕྱི་དངུལ་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། ཧང་ག་རིའི་ནོར་སྲིད་པུའི་པུའུ་ཀྲང་ཨའོ་ཨེར་ཀའོ་ཡིས། ཚོང་དོན་དང་མ་འཇོག་དང་ཡང་ན་དངུལ་རྩའི་ཁྱབ་ཁོངས་གང་ཞིག་ཡིན་རུང་ཧང་ག་རི་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་འབྲེལ་བ་དེ་མིག་དཔེ་ལྟ་ས་ལྟ་བུར་གྱུར་ཡོད།
   ཉེ་བའི་ལོ་ཤས་རིང་ཧང་ག་རི་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་བྱེད་ཟབ་ཏུ་ཕྱིན་ཡོད། འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་མ་འཇོག་རྣམ་གྲངས་10ཧང་ག་རིར་དོན་འཁྱོལ་བྱས་པ་དང་། ད་དུང་མ་འཇོག་རྣམ་གྲངས་ཁག་གཅིག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་སྟེ། ཧང་ག་རི་ནས་སར་པི་ཡ་བར་གྱི་ལྕགས་ལམ་གྱི་ཧང་ག་རིའི་ལམ་དུམ་རྣམ་གྲངས་ཀྱི་EPCའགན་གཙང་གཙོ་བོའི་གན་རྒྱ་དངོས་སུ་ནུས་པ་ཐོན་པ་དེ་ཐོག་ནས་ཧང་ག་རིའི་ལམ་དུམ་ལག་བསྟར་དུས་མཚམས་སུ་སླེབས་པ་མཚོན་པ་དང་། ཧྲང་ཧའེ་ཨེན་ཅེ་རྒྱུ་ཆ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིས་ཧང་ག་རིར་བཟོ་གྲྭ་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་ལ་སོགས་རེད།
    མིག་སྔར་ཧང་ག་རིའི་ལྷོ་ནུབ་རྒྱུད་ཀྱི་ཁའོ་པོ་ཧྲེ་པའོ་འོད་ཤུགས་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཛུགས་སྐྲུན་བྱེད་མཁན་ཕྱོགས་ཀྲུང་གོ་ཀུན་སྤྱོད་ལག་རྩལ་ཚོགས་པའི་ཀྲུང་གོ་འཕྲུལ་ཆས་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། འོད་ཤུགས་གློག་ཁང་གི་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་གཏོང་འགོ་ཚུགས་རྗེས་སྔོན་དཔག་ལྟར་ན་ལོ་རེར་གློག་ཏུའུ་དུང་ཕྱུར་1.3གཏོང་རྒྱུ་ཡིན་པས། ཚད་ལྡན་རྡོ་སོལ་ཏུན་ཁྲི་4.5གྲོན་ཆུང་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་12ཉུང་དུ་ཕྱིན་ནས་ཧང་ག་རིར་ནུས་རྒྱུ་གཙང་མ་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད།
   ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཁྲུའི་གཞུང་ཚབ་ཚན་ཙན་ལིའུ་པོ་ཡིས། ཧང་ག་རིའི་ས་བབ་ལེགས་ཆ་མངོན་གསལ་དོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། མ་འཇོག་ཁོར་ཡུག་བཟང་བ་བཅས་ཡོད་པས། དེ་ནི་ཡོ་རོབ་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་ཀྱི་གྲས་ཤིག་ཡིན་སྟབས་ཀྲུང་ཧང་མཉམ་ལས་ལ་མདུན་ལམ་ཡག་པོ་ཡོད་ཅེས་བརྗོད།
   ཧང་ག་རིའི་རྒྱལ་སྤྱིའི་སྤེལ་རེས་དང་འབྲེལ་བའི་རྒྱལ་དོན་དྲུང་ཡིག་ཁོའོ་ཝ་ཆི·ཙོའུ་ཨེར་ཐན་གྱིས། ཧང་ག་རི་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྲིད་གཞུང་དབར་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་ཡོ་རོབ་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན། ཧང་ག་རིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དེ་བཞིན“17+1མཉམ་ལས”སྒྲོམ་གཞིའི་འོག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད།
    བྱེད་ཐབས་གསར་གཏོད་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་གོ་རིམ་ཧྲིལ་པོ་སྐྱེད་སྲིང་བྱེད་པ།
   ཉེ་ཆར་ཧྲེན་ཀྲེན་ནས་རྡོག་ཐོན་བྱས་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཆེད་གཏོང་མེ་འཁོར་ཐོག་མ་སྟེ། “ཁུག་ཆ་རྟགས་ཅན”གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འབྱོར་ཏེ་ཡོ་རོབ་ཀྱི་དམངས་ཚོགས་ལ་དུས་ཆེན་གྱི་ལག་རྟགས་ཕུལ་བ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཀྲུང་གོ་དང་ཧང་ག་རིའི་དབར་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་དང་ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་བསྡོམས་འབོར་རྒྱུན་མཐུད་ངང་འཕར་ཡོད། “ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར། ཕྱི་རྒྱལ་གྱི་འཁོར་སྒྲོམ”བཅས་ཟུང་འབྲེལ་བྱེད་རྒྱུ་འདི་ཉིད་ཀྲུང་གོ་དང་ཧང་ག་རིའི་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད།
   ཧང་ག་རིའི་ཀྲུང་ཡོའི་ཚོང་དོན་ཟོག་འགྲེམས་མཉམ་ལས་གླིང་དང་ཧྲན་ཏུང་ལིང་དབྱི་ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དབར་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་དེ། ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་། རྒྱལ་སྤྱིའི་ཟོག་འགྲེམས་མཛོད་ཉར། རྒྱལ་སྤྱིའི་བྲིན་ཚོང་སོགས་གོ་རིམ་ཧྲིལ་པོར་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། མིག་སྔར་ཁག་དང་པོའི་གཙོ་གནད་ཁེ་ལས་བདུན་ལ་མཉམ་ལས་ཇུས་བཞི་བཟོས་པ་མ་ཟད། ཡོ་རོབ་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་7གྱི་ཁྱད་ལྡན་ཁེ་ལས་45ཡི་ཐོན་རྫས་ཐོན་སྐྱེད་བྱེད་རིམ་53བསྡུ་སྒྲིལ་ཟིན་ནས། མི་རིང་བར་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ཁེ་ལས་དབར་བྲིན་ཚོང་མཉམ་ལས་བྱེད་འགོ་བཙུགས་ཏེ་ཡོ་རོབ་དབུས་ཤར་གྱི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
   ཧང་ག་རིའི་ཀྲུང་ཡོའི་ཚོང་དོན་ཟོག་འགྲེམས་མཉམ་ལས་གླིང་གི་དབུ་བཞུགས་ལག་བསྟར་དཔོན་ཝུའུ་ཅང་གིས། མངའ་ཁོངས་ནང་གི་ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དང་མངའ་ཁོངས་ཕྱིའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དབར་གྱི“ཁུལ་གཉིས་མཉམ་འགུལ”བྱེད་ཐབས་ཀྱིས་གླིང་ཁུལ་གྱི་ཚོང་དུད་ལ་དངོས་ཟོག་དབོར་འདྲེན་གྱི་དུས་ཚོད་50%ལྷག་ཙམ་གྲོན་ཆུང་ཐུབ་པ་དང་། ཟོག་འགྲེམས་མ་གནས་33%ཙམ་དང་མཛོད་ཉར་རིན་གོང་10%ཡན་གྲོན་ཆུང་ཐུབ་ཡོད་ཅེས་བརྗོད།
   “‘ཁུལ་གཉིས་མཉམ་འགུལ’ལམ་སྲོལ་ནི་ཧང་ག་རི་དང་ཀྲུང་གོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་འོག་ལྕགས་ལམ་སྒྲིག་བཀོད་སྦྲེལ་མཐུད་དང་དཔལ་འབྱོར་ཚོང་དོན་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བའི་ཚོད་ལྟ་གསར་པ་ཞིག་རེད”ཅེས་ཧང་ག་རིའི་གསར་གཏོད་དང་ཚན་རྩལ་པུའི་རྒྱལ་དོན་དྲུང་ཡིག་ལཱ་སི་ལོ་ཡིས་བཤད་པ་དང་། ཁོང་གིས་འབྱུང་འགྱུར་རྒྱལ་ཁབ་གཉིས་པོས་ཚོང་དོན་དང་། ཟོག་འགྲེམས། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་སྔར་བས་བྱེད་ཟབ་ཏུ་བཏང་སྟེ། ཧང་ག་རི་ཕྱོགས་ཀྱིས་ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ལམ་སྲོལ་དེའི་ཐོག་ཀྲུང་ཡོའི་དུས་གཏན་མེ་འཁོར་དེ་བས་མང་བ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
   གནད་སྨིན་འབྲེལ་མཐུད་ཀྱིས་ས་གནས་མཉམ་ལས་ལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ།
   ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཧང་ག་རིའི་ས་གནས་ཁག་གི་སྲིད་གཞུང་གི་ཐུན་མོང་སྐུལ་འདེད་འོག 2020ལོའི་ཟླ་བཅུ་གཅིག་པར་ཀྲུང་གོ་དང་ཧང་ག་རིའི་ས་གནས་ཀྱི་མཉམ་ལས་ལམ་སྲོལ་དངོས་སུ་འགོ་ཚུགས་པ་རེད།
  ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་ཕྱོགས་གཉིས་ཀྱི་ས་གནས་མཉམ་ལས་ལམ་སྲོལ་ཐོག་མ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཧང་ག་རིའི་ས་གནས་མཉམ་ལས་ལམ་སྲོལ་གྱིས་ཐོན་ལས་འབྲེལ་མཐུད་མཉམ་ལས་གཙོ་གནད་དུ་བྱས་ཏེ། མཉམ་ལས་ཀྱི་གཏིང་ཤུགས་དང་ཐོན་ཁུངས་གསབ་རེས་ལྡན་པའི་རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་ལ་གོ་སྐབས་གསར་པ་བསྐྲུན་པ་དང་། ཁེ་ལས་དབར་གནད་སྨིན་འབྲེལ་མཐུད་བྱེད་པ། སྲིད་གཞུང་རིམ་པའི་དབར་ཕན་ཚུན་མཉམ་འགུལ་བྱེད་པ། ཁེ་ལས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ས་གནས་མཉམ་ལས་ཀྱི“མཐའ་མའི་འགག་གནད”གཏོད་པ་བཅས་བྱེད་རྒྱུ་རེད། གྲོང་ཁྱེར་མཉམ་ལས་ཀྱིས་ཐོན་ལས་ཚོགས་པ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པར་ལས་སྟེགས་གསར་པ་བསྐྲུན་པ་དང་། “གྲོང་ཁྱེར་དང་། ལས་རིགས་མཐུན་ཚོགས། ཁེ་ལས”བཅས་ཟུང་དུ་འབྲེལ་བའི་རིམ་པ་མང་བ་དང་། ཁྱབ་ཁོངས་ཡངས་བ་འབྲེལ་མཐུད་ཟབ་པ་བཅས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ཐབས་ལམ་ཞིག་བཏོད་ཡོད།
   ཆིའུ་ཨེར་ཀེ་གྲོང་ཁྱེར་ནི་ཧང་ག་རིའི་མཐའ་མཚམས་གྲོང་ཁྱེར་ཆུང་ངུ་ཞིག་ཡིན་ཞིང་། དེ་གར་ནགས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་ཡུན་རིང་མ་དངུལ་དང་ལག་རྩལ་གྱི་ཚོད་འཛིན་ཕོག་པའི་དབང་གིས་ཐོན་ལས་ཚོགས་པ་ཞིག་གཏན་ནས་ཆགས་ཐུབ་མེད། ཀྲུང་གོ་དང་ཧང་ག་རིའི་ས་གནས་མཉམ་ལས་ལམ་སྲོལ་གྱི་སྒྲོམ་གཞིའི་འོག་ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བརྟག་ཞིབ་དང་བརྙན་ལམ་འོས་སྦྱོར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཧང་ག་རིའི་ཁེ་ལས་ལ་ཆ་འཕྲིན་གནད་སྨིན་འབྲེལ་མཐུད་བྱས་པས། ཆིའུ་ཨེར་ཀེ་གྲོང་ཁྱེར་གྱི་ཤིང་ཆ་ལས་སྣོན་ཁེ་ལས་དང་ཀྲུང་གོའི་ཁེ་ལས་གསུམ་དབར་ཚོང་དོན་འབྲེལ་མཐུད་བྱས་པ་མ་ཟད། ད་དུང་བཟོ་ལས་གླིང་དེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར(ཚང་ཀྲོའུ)གྱི་ཁེ་ལས་འབྲིང་ཆུང་མཉམ་ལས་ཁུལ་ལ་འོས་སྦྱོར་བྱས་པས། ཕྱོགས་གཉིས་པོས་གླིང་ཁུལ་གྱི་མཉམ་ལས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
   ཀྲུང་གོ་དང་ཧང་ག་རིའི་ས་ཁུལ་མཉམ་ལས་ལམ་སྲོལ་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། མིག་སྔའི་བར་ཧང་ག་རིའི་ཁེ་ལས་དང་མ་འཇོག་སྐུལ་འདེད་སྒྲིག་གཞི་40ལྷག་ཙམ་དང་ཀྲུང་གོའི་ཁེ་ལས་20ལྷག་ཙམ་དབར་གནད་སྨིན་འབྲེལ་མཐུད་ཐུབ་སྟེ། ཤིང་ཆ་དང་། བྱ་ཤ། དཔེ་སྐྲུན། ས་བོན་སོགས་ལས་རིགས་མང་པོའི་མཉམ་ལས་འདོད་མཐུན་གྲུབ་ཡོད། ཀྲུང་གོའི་གྲོང་ཁྱེར་ཁག་གཅིག་གིས་ཧང་ག་རི་ཕྱོགས་ཀྱི་གྲོང་ཁྱེར་ལ་མཛའ་གྲོགས་གྲོང་ཁྱེར་གཏོད་རྒྱུའི་གྲོས་འགོ་བཏོན་པ་དང་། ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་གྲོང་ཁྱེར་གྱི་གྲོགས་ཚོགས་སྔར་བས་ཆེ་རུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།