ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མིས་མཐུན་སྒྲིལ་གྱིས་རིམས་འགོག་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དྲུག་ཉིན་ཉམ་ཞན་གྱི་གནས་བབ་འོག་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་འགྲན་རྩོད་ཀྱི་མཐོ་རིམ་ཡོངས་བསྒྲགས་དཔྱད་བརྗོད་གྲོས་ཚོགས་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། མཐུན་སྒྲིལ་གྱིས་རིམས་འགོག་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་རེད་། 

ཀྲང་ཅོན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་ཆེན་མོ་ལས་འཛམ་གླིང་ཡོངས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཞན་ཆ་མང་བོ་མངོན་པར་བྱས་ཡོད། རིམས་ནད་དེ་ཕྱོགས་གཅིག་རིང་ལུགས་དང་ནམ་ཟླའི་འགྱུར་ལྡོག འབྲུ་རིགས་བདེ་འཇགས། རྒྱལ་ཁོངས་བརྒལ་བའི་ནག་ཉེས། འཇིགས་སྐུལ་བྱ་འགུལ་སོགས་རྒྱུ་རྐྱེན་དང་མཉམ་དུ་གནས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་སྔ་ན་མེད་པའི་འགྲན་རྩོད་བསླངས་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་གནོད་པ་ཐེབས་ཚད་ལྷག་ཏུ་ཚབས་ཆེན་རེད། ང་ཚོས་རྒྱལ་ཁབ་སོ་སོའི་ལས་དབང་གཅིག་ཏུ་སྦྲེལ་ཡོད་པའི་ངེས་ཤེས་རྙེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་མཉམ་ལས་ཀྱིས་འགྲན་རྩོད་ཐག་གཅོད་བྱེད་པའི་དོན་སྙིང་གལ་ཆེན་ལ་སྔར་ལས་ཡིད་ཆེས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་སྔར་ལས་རྒྱབ་སྐྱོར་བྱེད་དགོས། 

ཀྲང་ཅོན་གྱིས་བཤད་རྒྱུར། མཐུན་སྒྲིལ་གྱིས་རིམས་འགོག་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་རེད། རྒྱལ་ཁབ་སོ་སོས་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཤིང་། ཚན་རིག་ལ་བརྩི་འཇོག་དང་ལག་རྡང་སྦྲེལ་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་། མཉམ་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། སྔ་མོ་ནས་རིམས་ནད་ཀྱི་སྨུག་རུམ་དྭངས་སུ་འཇུག་དགོས་ཟེར། ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་ལྔ་གསུམ་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་འདོད་བློ་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོས་རིམས་ནད་འགོག་བཅོས་བྱེད་པར་ཕན་ཐོགས་ཡོད་པའི་ཆབ་སྲིད་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པར་མ་ཟད། མུ་མཐུད་དུ་དགོས་མཁོ་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་ལ་རིམས་འགོག་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། འགོག་སྨན་དེ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་ཡིན་པའི་ཆ་ནས་འདྲ་མཉམ་གྱིས་བགོ་བཤའ་བྱེད་པ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་ཕན་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀྲང་ཅོན་གྱིས་ནན་གྱིས་བསྟན་དོན། ཉིན་རེ་བཞིན་རྙོག་འཛིང་ཛ་དྲག་ཆེ་བའི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་མདུན་ནས། རྒྱལ་ཁབ་གང་ཡིན་ཡང་ཁེར་རྐྱང་དུ་གནས་ཐབས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་ཏུ་སྔར་ལས་ཆེ་བའི་མཐུན་སྒྲིལ་དང་གོང་འཕེལ་མངོན་འགྱུར་བྱེད་པ་ནི། ང་ཚོས་གཏན་འཇགས་མིན་པ་དང་ཉམ་ཞན་སྣ་ཚོགས་ཐག་གཅོད་བྱེད་པ་དང་། ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་གདམ་གསེས་ཉག་ཅིག་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།