ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་རང་གི་རྒྱལ་སྲུང་སྟོབས་ཤུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཞི་ཉིན་བཤད་རྒྱུར། དབྱི་ལིང་གིས་རང་གི་རྒྱལ་སྲུང་སྟོབས་ཤུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་ཟེར། 

གསར་འགོད་པས་དབྱི་ལིང་གི་འཕུར་མདའི་ལས་གཞི་དེ་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་གྲོས་མོལ་སྐབས་གླེང་སྲིད་མིན་གྱི་འབྲེལ་ཡོད་གནད་དོན་འདྲི་སྐབས། ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་གིས་རང་གི་རྒྱལ་སྲུང་སྟོབས་ཤུགས་གནད་དོན་ཐད་ནས་སྔོན་ཆད་དང་ད་ལྟ་གྲོས་མོལ་བྱས་མྱོང་མེད་ལ། མ་འོངས་པར་ཡང་གྲོས་མོལ་བྱེད་མི་སྲིད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་དེ་ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་ཆ་ཚང་བར་ལག་བསྟར་བྱེད་དགོས། རྒྱུན་སྲོལ་གྱི་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་མེད་པར་བཟོས་ཡོད་པས་འཕུར་མདའི་ལས་གཞི་ནི་གྲོས་གཞི་ཕལ་བ་ཞིག་ཡིན། ང་ཚོས་ཕལ་ཆེར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་གྲོས་འཆམ་བྱུང་བའི་གནད་དོན་གང་རུང་ལ་ཡང་བསྐྱར་གྲོས་མོལ་བྱེད་མི་སྲིད་ཟེར། 

གཞན་ཡང་དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མཁའ་དམག་དམག་སྤྱི་ཧཱ་ཅི་ཀྲ་ཏི་ཡིས་ཚེས་གཉིས་ཉིན་བསྟན་དོན། དབྱི་ལིང་གིས་རང་འདོད་ལྟར་འཕུར་མདའི་གཏོང་འཕེན་གྱི་ཚད་སྤྱི་ལེ་སྟོང་གཉིས་ཀྱི་ནང་གཏན་འཁེལ་བྱས་ཡོད་ཀྱང་། ཚད་བཀག་དེར་དུས་གཏན་དུ་འགྱུར་བ་མེད་པ་ཞིག་མ་ཡིན། དབྱི་ལིང་གི་དཔོན་པོ་གང་རུང་གིས་འཕུར་མདའི་སྟོབས་ཤུགས་ཐད་ནས་གྲོས་མོལ་བྱེད་པར་ཆོག་མཆན་ཐོབ་མི་སྲིད་ལ། དེ་ནི་ང་ཚོའི་མ་མཐའི་ཚད་ཐིག་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།