ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་དང་ཁཱ་ཐར་གྱིས་ཕན་ཚུན་བར་གྱི་མཐའ་མཚམས་སྒོ་འབྱེད་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཞི་ཉིན། ཁི་ཝེ་ཐིའི་ཕྱི་འབྲེལ་བློན་ཆེན་ཨེ་ཧཱ་མེད་ཏི་ཡིས་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་དང་ཁཱ་ཐར་གྱིས་ཉིན་དེའི་དགོང་མོ་ནས་བཟུང་ཕན་ཚུན་བར་གྱི་སྐམ་མཚོ་མཁའ་གསུམ་གྱི་མཐའ་མཚམས་སྒོ་འབྱེད་བྱས། 

ཨེ་ཧཱ་མེད་ཏི་ཡིས་ཉིན་དེའི་དགོང་མོར་ཁི་ཝེ་ཐིའི་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཁི་ཝེ་ཐིའི་རྒྱལ་ཁབ་ཀྱི་མགོ་གཙོ་ནཱ་ཝ་ཧྥུའུ་ཡིས་ཉིན་དེར་སོ་སོར་ཁཱ་ཐར་གྱི་མགོ་གཙོ་ཐཱ་མུས་མུའུ་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་གཉིས་ལ་ཁ་པར་བཏང་བ་དང་། ནཱ་ཝ་ཧྥུའུ་ཡིས་གྲོས་གཞི་བཏོན་འོག སོ་ཏི་ཨ་རབ་དང་ཁཱ་ཐར་གྱིས་ཚེས་བཞི་ཉིན་གྱི་དགོང་མོ་ནས་བཟུང་སྐམ་མཚོ་མཁའ་གསུམ་གྱི་མཐའ་མཚམས་སྒོ་འབྱེད་བྱེད་པར་ཡིད་འཐད་བྱུང་། 

ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། ནཱ་ཝ་ཧྥུའུ་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ནས་བསྡུ་རྒྱུ་ཡིན་པའི་སྐབས་ཞེ་གཅིག་པའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་ལ་ཡིད་ཆེས་ཀྱི་ཁེངས་ཡོད་ལ། དེ་ནི་གོང་བུར་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་བའི་འགྲིག་མཐུན་གྱི་མཐོ་རིམ་གྲོས་ཚོགས་ཤིག་ཡིན་པ་དང་། འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པར་བསམ་ཡོད། 

གཞན་ཡང་ཁཱ་ཐར་འཕྲིན་གཏོང་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཐཱ་མུས་མུའུ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་སྐབས་འདིའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད། 

ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་ཀྱིས་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཁཱ་ཐར་ལ་བཀག་སྡོམ་བྱས། དེའི་རྗེས་སུ་ཡང་བསྐྱར་རྒྱལ་ཁབ་མང་བོས་ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པ་རེད། ཕྱི་འབྲེལ་གྱི་ཉམས་ཉེན་དེ་ད་ལྟའི་བར་དུ་ཞི་འཇགས་སུ་གཏོང་ཐུབ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།