ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་གྱི་དགོང་མོར། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་དུ་རླངས་འཁོར་རུ་ཁག་ཅིག་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།
ཧཱ་མཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཁི་ལི་ཧྲ་ཐིས་ཀྱིས་བཤད་རྒྱུར། སྣུམ་འདྲུད་རླངས་འཁོར་གཅིག་དང་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེན་མོ་གསུམ་གྱིས་གྲུབ་པའི་རླངས་འཁོར་རུ་ཁག་ཅིག་ལ་ཚེས་གསུམ་ཉིན་གྱི་དགོང་མོར་ཧཱ་མཱ་ཞིང་ཆེན་ཤར་ཕྱོགས་ས་ཁུལ་གྱི་གཞུང་ལམ་ཞིག་གི་སྟེང་འཇིགས་སྐུལ་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་ལས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཞིར་རྨས་ཕོག རྨས་མ་དག་དམག་ཕྱོགས་ཀྱི་རོགས་རམ་འོག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། བསྒྲགས་པའི་གནས་ཚུལ་ལས་འཇིགས་སྐུལ་རྩ་འཛུགས་གང་གིས་འཇབ་རྒོལ་བྱས་པ་གསལ་བོར་གླེང་མེད།
གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་སྐྱེལ་བའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། དེའི་ནང་ཉུང་མཐར་ཡང་སྲིད་གཞུང་དམག་དཔུང་གི་དམག་མི་དྲུག་དང་བྱིས་པ་དང་བཅས་པའི་མི་སེར་དཀྱུས་མ་གསུམ་འདུས་ཡོད་ལ། གཞན་ཡང་མི་མང་བོར་རྨས་ཕོག་ཡོད། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
སི་རི་ཡཱའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།