ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པས་དྲག་ཆས་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མའི་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གསུམ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པས་དྲག་ཆས་རྩ་འཛུགས་ཀྱིས་གསལ་སྒྲོག་སྤེལ་ཏེ། དྲག་ཆས་རྩ་འཛུགས་ཀྱིས་ཉེ་སྔོན་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏཱ་མཱ་ལཱ་དང་པན་ཅཱ་སུའུ་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པའི་ཚོགས་གཙོ་ཨིན་ཏིས་ཡཱ་ཡེ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་གྱི་ཞོགས་པར་ཏཱ་མཱ་ལཱ་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པ་དང་། ཨ་ཧྥེ་རི་ཁ་དབུས་མའི་སྲིད་གཞུང་དམག་དཔུང་གིས་མཐར་སྐྲོད་བཏང་། ཚེས་གསུམ་ཉིན་གྱི་ཞོགས་པར་དྲག་ཆས་རྩ་འཛུགས་ཀྱིས་མཚོན་ཆ་ཆེ་གྲས་བཀོལ་ནས་པན་ཅཱ་སུའུ་གྲོང་ཁྱེར་གྱི་ཨ་ཧྥེ་རི་ཁ་དབུས་མའི་སྲིད་གཞུང་དམག་དཔུང་གི་རྟེན་གཞིར་དཔུང་འཇུག་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཀྱང་འགུལ་སྐྱོད་སྤེལ་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་དང་སྒྲིག་ལམ་སླར་གསོ་བྱས། འཁྲུག་རྩོད་དེ་ཚེས་གསུམ་ཉིན་གྱི་སྔ་དྲོར་མཚམས་བཞག་ཡོད་ཀྱང་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་རེད། 

ཨིན་ཏིས་ཡཱ་ཡེ་ཡིས་བཤད་རྒྱུར། འཇབ་རྒོལ་བྱ་འགུལ་དེ་དག་གི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་འདེམ་བསྐོར་གཏོར་བརླག་བྱེད་པའི་ཆེད་ཡིན་པ་དང་། ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་ལྔ་ལྔ་གཉིས་ཀྱི་སྒྲོམ་གཞིའི་ནང་། མུ་མཐུད་དུ་འདེམ་བསྐོའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན། 

ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དྲག་ཆས་མི་སྣ་པན་ཅཱ་སུའུ་མཁར་གྲོང་དུ་ཡོང་ཡོད་པ་དང་། སྲིད་གཞུང་དམག་དཔུང་དང་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མི་གནས་སྐབས་སུ་ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པའི་རྟེན་གཞིར་ཕྱིར་འཐེན་བྱས་ཡོད་ལ། སྡོད་དམངས་མི་ཉུང་བ་ཞིག་མཁར་གྲོང་ཕྱི་རོལ་དུ་བྲོས་བྱོལ་བྱས་པར་མ་ཟད། མི་ལ་ལ་རྒྱལ་མཚམས་བརྒལ་ནས་ཁོང་གོའི་མངའ་ཁོངས་སུ་ཉེན་ཡོལ་བྱེད་དུ་སོང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།