ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྔོ་ཚལ་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་མང་བོར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གཉིས་ཉིན། སི་རི་ཡཱའི་བྱང་ཤར་ཕྱོགས་ཧཱ་སེ་ཁི་ཞིང་ཆེན་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་གསུམ་དང་བཅས་པའི་མི་མང་བོར་ཤི་རྨས་ཐེབས། 

བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཧཱ་སེ་ཁི་ཞིང་ཆེན་གྱི་ལཱ་སི་ཨེ་ཡུན་གྲོང་ཁྱེར་གྱི་སྔོ་ཚལ་ཚོང་ར་ཞིག་ནས་བྱུང་བ་རེད། འགད་རྫས་བཞག་ཡོད་པའི་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ། བྱིས་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་དེ་གཉིས་ཀྱི་ཨ་མར་རྨས་ཕོག གཞན་ཡང་ཐུར་ཁེའི་རྒྱབ་སྐྱོར་ཐོབ་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་མང་བོར་ཤི་རྨས་ཐེབས། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་བསྒྲགས་པ་ལྟར་ན། ཉིན་དེའི་འགས་གཏོར་ལས་བུད་མེད་དང་བྱིས་པ་འདུས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞིར་རྨས་ཕོག་ཡོད་ལ། རྨས་མ་སྐོར་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།