ནེ་ཀྲིར་གྱིས་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས༢ཉིན། ནེ་ཀྲིར་རྒྱལ་ཡོངས་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་སྤེལ་བའི་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་ཁྲོད། སྲིད་འཛིན་པའི་ནེ་ཀྲིར་དམངས་གཙོ་བརྩོན་ལེན་དང་སྤྱི་ཚོགས་རིང་ལུགས་ཏང་གི་འདེམ་སྒུག་མི་སྣ་པཱ་ཙུའུ་མུའུ་དང་སྔོན་ཆད་ཀྱི་ཙུང་ཐུང་ཨོ་སི་མན་གཉིས་ལ་འདེམ་ཤོག་ཐོབ་ཚད་ཆེས་མང་བོ་ཡིན་ཡང་། དེ་གཉིས་ཀྱི་འདེམ་ཤོག་ཐོབ་ཚད་ཕྱེད་གྲངས་ལས་བརྒལ་མེད་པས། ཁོ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད། 

ནེ་ཀྲིར་རྒྱལ་ཡོངས་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་སྐོར་ཐེངས་དང་པོའི་ཙུང་ཐུང་འདེམ་བསྐོའི་ཐོག་མའི་མཇུག་འབྲས་ལས་མངོན་པ་ལྟར་ན། པཱ་ཙུའུ་མུའུ་ལ་བརྒྱ་ཆའི་བཞི་བཅུ་ཙམ་གྱི་འདེམ་ཤོག་ཐོབ་ཡོད་པ་དང་། ཨོ་སི་མན་ལ་བརྒྱ་ཆའི་བཅུ་བདུན་ལྷག་གི་འདེམ་ཤོག་ཐོབ་ཡོད། རྒྱལ་ཡོངས་ཀྱི་སྲིད་ཏང་དང་རྩ་འཛུགས་བརྒྱ་ལྷག་ནས་ཡོང་བའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་སུམ་ཅུ་ལྷག་འདེམ་བསྐོར་ཞུགས་ཡོད། 

ནེ་ཀྲིར་གྱིས་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་སྐོར་ཐེངས་གཉིས་པའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་འཆར་གཞི་ཡོད་པ་རེད། ནེ་ཀྲིར་གྱི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་ཞིང་། འདེམ་དམངས་ཀྱིས་འདེམ་ཤོག་འཕངས་ཏེ་ཐད་ཀར་བདམས་པ་ཡིན་ལ། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་སྒུག་མི་སྣར་རྒྱལ་ཁ་ཐོབ་པ་རེད། གལ་ཏེ་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཕྱེད་གྲངས་ལས་བརྒལ་མཁན་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།