ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཐའོ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལས་འགན་ཁུར་དུ་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་།ཕུའུ་ཐའོ་ཡཱ་ཡིས་འཇར་མན་གྱི་ཚབ་ཏུ་ལོ་ཕྱེད་རིང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་ལག་བསྟར་བྱེད་མགོ་བརྩམས། ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་ཡིས་ཉིན་དེར་བསྟན་དོན། ཕུའུ་ཐའོ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་ལངས་ཕྱོགས་མཐུན་སྦྱོར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་རྒྱ་ཆེ་བའི་འགོག་སྨན་རྒྱག་པ་དང་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་སོགས་ལས་འགན་ཁུར་དུ་བླངས་ཡོད། 

ཁི་སི་ཐཱ་ཡིས་ཉིན་དེར་བཤད་རྒྱུར། འཇར་མན་གྱི་ལག་ནས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་བླངས་པར་ཕུའུ་ཐའོ་ཡཱ་ཡིས་གཟི་བརྗིད་དུ་རློམ་ཡོད་ཀྱང་ལས་འགན་དེ་ཧ་ཅང་ལྗིད་པ་གསལ་བོར་ཤེས་ཡོད། 

ཁི་སི་ཐཱ་ཡིས་བསྟན་དོན། སྔར་བཞིན་ཛ་དྲག་ཆེ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་མདུན་ནས། ཕུའུ་ཐའོ་ཡཱ་ཡིས་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱིས་གཞི་རྒྱ་ཆེ་བའི་འགོག་སྨན་རྒྱག་པའི་འཆར་གཞི་དང་རིམས་འགོག་ཁག་སེལ་འཆར་གཞིའི་ལག་བསྟར་ལ་སྐུལ་འདེད་བཏང་སྟེ། གང་མགྱོགས་སྒོས་ལྷད་མེད་དང་གྲངས་ལྡན་རིམ་བསྒྱུར་ཁྱད་ཆོས་ཡིན་པའི་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་དགོས་པ་དང་། ལྷད་མེད་བཅོས་བསྒྱུར་དང་གྲངས་ལྡན་བཅོས་བསྒྱུར་གྱི་རྨང་གཞིའི་སྟེང་སྤྱི་ཚོགས་གཞོགས་འདེགས་ཀྱི་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཡོ་རོབ་གླིང་གི་འཐབ་ཇུས་རང་བདག་གོ་གནས་ལ་ཤུགས་བསྣན་ཏེ་འཛམ་གླིང་ཡོངས་ཀྱི་སྒོ་འབྱེད་ལ་དོ་སྣང་བྱེད་དགོས།
  ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་སཱ་སོ་ལེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་སོགས་ཀྱིས་ཉིན་དེར་ཕུའུ་ཐའོ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་ཁུར་བར་རྟེན་འབྲེལ་ཞུས། ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། ཕུའུ་ཐའོ་ཡཱ་དང་མཉམ་དུ་ཡོ་རོབ་གླིང་གི་དཔལ་འབྱོར་སླར་གསོ་དང་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་འབད་བརྩོན་བྱེད་འདོད་ཡོད། 

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར་སྤྱིའི་གཞི་རྒྱ་ཡོ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བརྒྱད་ལྷག་ཡིན་པའི་དཔལ་འབྱོར་སླར་གསོའི་འཆར་གཞི་བཏོན་པ་དང་། དེ་ནི་ད་ལྟའི་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་རྒྱ་ཆེས་ཆེ་བའི་དཔལ་འབྱོར་སྐུལ་སྤེལ་ཇུས་གཞི་ཞིག་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཕུའུ་ཐའོ་ཡཱ་ཡིས་དཔལ་འབྱོར་སླར་གསོའི་འཆར་གཞི་དེ་དངོས་འབེབ་བྱེད་པའི་འགན་ཁུར་དགོས་ཡོད། 

དེ་ནི་ཕུའུ་ཐའོ་ཡཱ་ཡིས་ཐེངས་བཞི་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད། ད་ལོའི་ལོ་སྨད་དུ་སི་ལོ་ཝུན་ནེ་ཡཱ་ཡིས་ཕུའུ་ཐའོ་ཡཱའི་ཚབ་ཏུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།