ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཐི་ལིང་ཕུའུ་ཡི་རྒྱལ་སྲུང་དབང་སྟེར་བཅའ་ཁྲིམས་འཆར་ཟིན་ཁས་ལེན་མ་བྱས་པའི་གྲོས་ཆོད་རྩ་རྫོགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་གཅིག་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཡང་བསྐྱར་བརྡས་ཐག་བཅད་དེ་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྲུང་དབང་སྟེར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་དེ། ཙུང་ཐུང་ཐི་ལིང་ཕུའུ་ཡིས་དེའི་སྔོན་བཅའ་ཁྲིམས་འཆར་ཟིན་དེར་ཁས་ལེན་མ་བྱས་པའི་གྲོས་ཆོད་རྩ་རྫོགས་བྱས། 

ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ཉིན་དེར་འདེམ་ཤོག་བརྒྱད་ཅུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བཅུ་གསུམ་གྱིས་ངོ་རྒོལ་བྱས་པའི་མཇུག་འབྲས་ཀྱིས་ཡང་བསྐྱར་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྲུང་དབང་སྟེར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད། རྒྱལ་ཚོགས་དམངས་གྲོས་ཁང་གིས་ཟླ་སྔོན་མའི་ཚེས་ཉེར་བརྒྱད་ཉིན་འདེམ་ཤོག་སུམ་བརྒྱ་དང་ཉེར་གཉིས་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གྱ་བདུན་གྱིས་ངོ་རྒོལ་བྱས་པའི་མཇུག་འབྲས་ཀྱིས་ཡང་བསྐྱར་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་བཀོད། རྒྱལ་སྲུང་དབང་སྟེར་བཅའ་ཁྲིམས་འཆར་ཟིན་ལ་ཙུང་ཐུང་གིས་མིང་མ་བཀོད་པའི་གནས་ཚུལ་བཅའ་ཁྲིམས་སུ་གྱུར་བ་རེད། 

ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཏང་ཁག་མང་བོའི་གཙོ་འཛིན་དང་སྤྱི་མཐུན་ཏང་གི་མེད་ཁང་ནཱ་ཨར་གྱིས་ཟླ་དང་པོའི་ཚེས་གཅིག་ཉིན་འདེམ་ཤོག་མ་འཕངས་གོང་གཏམ་བཤད་སྤེལ་ཏེ། བཅའ་ཁྲིམས་འཆར་ཟིན་དེ་བཅའ་ཁྲིམས་སུ་གྱུར་བ་ནི་རྒྱལ་ཚོགས་ཀྱི་གཟབ་ནན་གྱི་འགན་འཁྲི་ཞིག་ཡིན་ཟེར། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་ནས་སོ་སོར་སུམ་ཆའི་གཉིས་བརྒལ་བའི་མཇུག་འབྲས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྲུང་དབང་སྟེར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པ་དང་། བཅའ་ཁྲིམས་འཆར་ཟིན་གྱི་ནང་དོན་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ཨ་མེ་རི་ཁའི་རྒྱལ་སྲུང་འགྲོ་སོང་ནི་མེ་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་བཞི་དུང་ཕྱུར་ལྔ་ཡིན་པ་དང་། སྔ་ལོ་ལས་ཅུང་ཙམ་འཕར་སྣོན་བྱུང་ཡོད། དེའི་ནང་མེ་སྒོར་ཁྲག་ཁྲིག་དྲུག་དང་ཐེར་ཆེན་གསུམ་ལྷག་རྒྱལ་སྲུང་ལས་གཞིའི་གཞི་རྩའི་སྔོན་རྩིས་སུ་བཀོལ་རྒྱུ་ཡིན་པ་དང་། མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་དགུ་ཕྱི་རྒྱལ་གྱི་དམག་དོན་འགུལ་སྐྱོད་ཐད་བཀོལ་རྒྱུ་རེད། 

རྒྱལ་སྲུང་དབང་སྟེར་བཅའ་ཁྲིམས་འཆར་ཟིན་གྱི་ནང་དོན་ལ་མ་འཐད་པའི་དབང་གིས་ཐི་ལིང་ཕུའུ་ཡིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཙུང་ཐུང་གི་སྲིད་འཛིན་དབང་ཆ་བཀོལ་ནས། རྒྱལ་ཚོགས་ཀྱི་གྲོས་ཁང་གཉིས་ཀྱི་རྒྱབ་སྐྱོར་ཐོབ་པའི་བཅའ་ཁྲིམས་འཆར་ཟིན་དེར་ཁས་ལེན་མ་བྱས་པ་རེད། དེ་ནི་ཐི་ལིང་ཕུའུ་ཡིས་ཙུང་ཐུང་གི་སྲིད་འཛིན་དབང་ཆ་བཀོལ་ནས་ཁས་ལེན་མ་བྱས་པའི་བཅའ་ཁྲིམས་འཆར་ཟིན་དགུ་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།