ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས2021ལོ་དེ་རྨ་ཁ་སླར་གསོ་འབྱུང་བའི་ལོ་ཞིག་ཏུ་འགྱུར་བར་རེ་བ་བྱེད་བཞིན་འདུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས2021ལོ་དེ་རྨ་ཁ་སླར་གསོ་འབྱུང་བའི་ལོ་ཞིག་ཏུ་འགྱུར་བར་རེ་བ་བྱེད་བཞིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ལོ་གསར་གྱི་ཤིས་ཚིག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་རིམས་ནད་ཀྱིས་བཟོས་པའི་ཉེན་ཁ་དང་དཀའ་ངལ་ལ་ཁ་གཏད་འཇལ་ནས་མཐུན་སྒྲིལ་གཅིག་གྱུར་དང་འཆམ་མཐུན་མཉམ་གནས་ཀྱིས་2021ལོ་དེ་རྨ་ཁ་དྲག་སྐྱེད་འབྱུང་བའི་ལོ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བརྙན་ལམ་ཤིས་ཚིག་ནང་བཤད་རྒྱུར། 2020ལོར་པྲོག་གསར་གློ་ཚད་རིམས་ནད་ཀྱིས་མི་རྣམས་ཀྱི་འཚོ་བར་མགོ་རྟིང་སློག་ནས་འཛམ་གླིང་ཡོངས་སྡུག་བསྔལ་དང་སྐྱོ་སྣང་གི་གནས་སུ་བསྐྱལ་བ་དང་། དབུལ་ཕོངས་དང་འདྲ་མཉམ་མིན་པ། བཀྲེས་ལྟོགས་བཅས་ཀྱི་སྣང་ཚུལ་ཉིན་རེ་བཞིན་ཚབས་ཆེན་དུ་འགྲོ་བ་དང་། ལས་ཞུགས་ཀྱི་གོ་སྐབས་རྒྱུན་ཆད་མེད་པར་ཇེ་ཉུང་དུ་འགྲོ་བ། བུ་ལོན་གྱི་ཁུར་པོ་རྒྱུན་ཆད་མེད་པར་ཇེ་ལྕི་རུ་འགྲོ་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ནད་ཡམས་ཆེན་པོའི་མདུན་དུ་མི་རྣམས་ཀྱིས་ཁྱིམ་མཚེས་དང་རྒྱུས་མངའ་གཏན་ནས་མེད་པའི་མི་ལ་རོགས་རམ་བྱས་ཤིང་། འཐབ་ཕྱོགས་དང་པོའི་ལས་དོན་མི་སྣས་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། ཚན་རིག་མཁས་ཅན་གྱིས་སྔ་ན་མེད་པའི་མྱུར་ཚད་གྱིས་རིམས་འགོག་སྨན་ཁབ་ཞིབ་བཟོ་བྱས་པ། རྒྱལ་ཁབ་སོ་སོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ཁས་ལེན་བྱས་ཡོད་པས། བྱ་སྤྱོད་དང་སྣང་ཚུལ་དེ་དག་གིས་མི་རྣམས་ལ་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་རེ་བ་མཐོང་བར་བྱས་ཡོད་ཟེར།

ཁོས་བསྟན་དོན། གལ་ཏེ་མི་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་ཐུབ་ཚེ་རེ་བ་དེ་དག་གིས་འཛམ་གླིང་ཧྲིལ་པོར་རེ་བ་སྩོལ་ཐུབ་ངེས་ཡིན་ལ།  ཕྱར་བ་གྲུ་འདེགས་བྱས་ཚེ་ད་གཟོད་རྒྱལ་སྤྱིའི་སྤྱི་ཚོགས་གཞི་ནས་གནམ་གཤིས་འགྱུར་ལྡོག་དང་པྲོག་གསར་རིམས་ནད་ཀྱི་ཉེན་ཁ་ཆེན་པོ་གཉིས་ལས་རྣམ་པར་རྒྱལ་ཐུབ་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།