ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྐབས་དྲུག་པས་སང་ལོའི་ཟླ་གཉིས་པར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས28ཉིན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་བཀའ་རྒྱ་བཏང་སྟེ། སང་ལོའི་ཟླ2པའི་ཚེས་བཅུ་གཅིག་ཉིན་ནས་ཚེས12ཉིན་བར་རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྐབས་དྲུག་པ་བསྡུས་ནས། ཨུ་རུ་སིའི་ཕྱིན་ཆད་ཀྱི་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལ་གྲོས་བསྡུར་བྱེད་རྒྱུ་ཡིན། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ཨུ་རུ་སི་དཀར་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཆབ་སྲིད་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གནད་དོན་ལ་གྲོས་ཞིབ་བྱེད་རྒྱུ་རེད། སྐབས་ཐོག་དེར་མི་སྟོང་གཉིས་དང་བདུན་བརྒྱ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་མངའ་སྡེ་དྲུག་གིས་ཉུང་མཐར་ཡང་རང་རང་གི་འཐུས་མི་སུམ་བརྒྱ་དང་བཅུ་རེ་བདམས་ནས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ལ། རྒྱལ་ས་མེན་སི་ཁི་ནས་ཉུང་མཐར་ཡང་འཐུས་མི་སུམ་བརྒྱ་དང་བདུན་ཅུ་བདམས་ནས་གྲོས་ཚོགས་ལ་ཞུགས་རྒྱུ་རེད། 

ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ་རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྐབས་དྲུག་པའི་གྲ་སྒྲིག་གནས་ཚུལ་ལ་གྲོས་བསྡུར་བྱེད་སྐབས། རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་འཚོ་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། སང་ལོར་སྐབས་གསར་བའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྤེལ་བ་ལས་སླ་མོ་ཞིག་མ་ཡིན། རྒྱུ་མཚན་ནི་མིག་སྔར་ཨུ་རུ་སི་དཀར་པོ་སྔ་ན་མེད་པའི་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་འཕྲད་ཡོད་པས་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོའི་རྩ་ཁྲིམས་བཅོས་བསྒྱུར་གནད་དོན་ཡང་རྒྱལ་ཡོངས་མི་དམངས་ཚོགས་ཆེན་སྐབས་དྲུག་པ་ནས་གྲོས་བསྡུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།