ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་དུ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་ཚུལ་མིན་གྱི་ཚུར་རྒོལ་བྱ་སྤྱོད་ཅིག་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་བྱིས་པའི་སྨན་ཁང་ཞིག་དང་དབང་བོ་སྐྱོན་ཅན་ཁམས་གསོ་ལྟེ་གནས་ཤིག་ལ་གནོད་པ་ཐེབས་ཡོད་པ་དང་། ས་དེའི་མང་ཚོགས་ལ་འཇིགས་དངངས་བཟོས་ཡོད་ཟེར། 

ཅཱ་ཧྲ་ས་ཁུལ་དུ་ལོ་མང་བོར་བྱ་བ་བསྒྲུབས་པའི་ལྟ་ཞིབ་མི་སྣ་ཨོ་མཱ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པར་དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་མི་བསྡད་མེད་པའི་གནམ་གྲུའི་སྣེ་ཁྲིད་འོག ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གི་དམག་དོན་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱས། དབྱི་སི་རལ་དམག་དཔུང་གི་འཕུར་མདའ་དེ་ཁཱ་སིང་སྟོང་ཤོག་གི་ཅཱ་ཧྲ་ས་ཁུལ་ཤར་ངོས་དང་ནུབ་ངོས། བྱང་ངོས་བཅས་ཀྱི་སྦྱོང་བརྡར་སྒྲིག་ཆས་རེ་འགར་ཕོག་ཡོད་ཟེར། 

ཁོས་བཤད་རྒྱུར། བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་གཉིས་ལ་རྨས་ཡང་མོ་ཕོག་པ་དང་། དེའི་ནང་ལོ་དྲུག་ཅན་གྱི་བྱིས་པ་གཅིག་འདུས། དེ་ལས་གཞན་བར་སྣང་འཇབ་རྒོལ་ལས་ས་དེའི་བྱིས་པའི་སྨན་ཁང་ཞིག་གི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་གཉིས་ཀྱི་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བཟོས་མེད། མིག་སྔར་ཅཱ་ཧྲ་ས་ཁུལ་ནས་ཕྱོགས་ཁག་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། འཇབ་རྒོལ་དོན་རྐྱེན་དེར་འཁོན་ལན་སློག་ཆེད། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།