ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཨར་ཏའོ་ཝའི་བུད་མེད་ཙུང་ཐུང་ཐོག་མས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཨར་ཏའོ་ཝའི་གསར་དུ་བདམས་པའི་ཙུང་ཐུང་མཱ་ཡཱ་སིང་ཏུའུ་ཡིས་ཚེས་ཉེར་བཞིའི་ཉིན་རྒྱལ་ས་ཅི་ཞེ་ནེ་ཝུའུ་རུ་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། མའོ་ཨར་ཏའོ་ཝའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར། 

མཱ་ཡཱ་སིང་ཏུའུ་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། རང་གི་འགན་ཡུན་ནང་དུ་རྒྱ་ཆེའི་སྤྱི་དམངས་དང་མཉམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། རྒྱལ་ནང་གི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ཕྱི་ཕྱོགས་སྲིད་ཇུས་ཁྱབ་གདལ་དུ་བཏང་སྟེ། སྔར་ལས་མང་བའི་དངུལ་གཏོང་བརྩོན་ལེན་དང་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་གསར་བསྐྲུན་བྱེད་རྒྱུ་ཡིན་ཟེར། 

མཱ་ཡཱ་སིང་ཏུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་སྤེལ་བའི་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་པའི་དབྱེ་ཀི་ཨར་ཏའོ་ཏུང་ཕམ་པར་བྱས་ཏེ། མའོ་ཨར་ཏའོ་ཝའི་ཙུང་ཐུང་གསར་བར་བདམས་པ་རེད། 

མཱ་ཡཱ་སིང་ཏུའུ་ད་ལོར་ལོ་ཞེ་བརྒྱད་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་གོ་བཞིའི་ལོར་མའོ་ཨར་ཏའོ་ཝའི་དཔལ་འབྱོར་སློབ་གླིང་ནས་སློབ་མཐར་ཕྱིན། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་འཛམ་གླིང་དངུལ་ཁང་དུ་བྱ་བ་བསྒྲུབས། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་མའོ་ཨར་ཏའོ་ཝའི་སློབ་གསོའི་པུའུ་ཀྲང་གི་འགན་ཁུར་བ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པ་ནས་ཟླ་བཅུ་གཅིག་པར་མའོ་ཨར་ཏའོ་ཝའི་ཙུང་ལིའི་འགན་ཁུར་བ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།