གཞུང་ཕྱོགས་ནས་བསྒྲགས་པའི་ནད་དུག་གཞན་འགྱུར་སྐོར་གྱི་དྲི་བ་དྲིས་ལན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་དབྱིན་ཇིར་པྲོག་གསར་ནད་དུག་གཞན་འགྱུར་བྱུང་བའི་གནས་ཚུལ་ཐོན་པ་དང་། གཞན་འགྱུར་ནད་དུག་གི་ཁྱབ་སྤེལ་ནུས་པ་སྔར་ལས70%འཕར་ཡོད། དབྱིན་ཇིའི་སྲིད་གཞུང་གིས་གཞན་འགྱུར་ནད་དུག་དེ“ཚོད་འཛིན་བྱེད་མི་ཐུབ་པའི”གནས་སུ་གྱུར་ཡོད་ཅེས་བསྒྲགས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གཞན་འགྱུར་འདིའི་ཁྱབ་སྤེལ་སྟོན་གྲངས1.1ནས1.5ལ་འཕར་བ་དང་། ཨོ་སི་ཁྲུ་ལི་ཡ་དང་པིན་ཏའོ། དབྱི་ཐ་ལི། ཧོ་ལན། ཏེན་མག་སོགས་རྒྱལ་ཁབ་མང་པོར་འབྲེལ་ཡོད་ནད་དཔེ་བྱུང་ཡོད་ཅེས་བཀོད་ཡོད།

གཞན་འགྱུར་ནད་དུག་གི་ཤི་ཚད་སྔར་ལས་མཐོ་བ་ཡིན་ནམ། འགོག་ཁབ་ཀྱི་ནུས་པ་ལ་ཤུགས་རྐྱེན་ཐེབས་སམ། རང་རྒྱལ་ལ་འབྲེལ་ཡོད་ཀྱི་ནད་རྟགས་བྱུང་ཡོད་དམ། 

དབྱིན་ཇིའི་གཞན་འགྱུར་ནད་དུག་ནམ་ཞིག་ལ་ཐོན་པ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས21ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་འཕྲལ་དོན་རྣམ་གྲངས་ཀྱི་ལག་རྩལ་གཙོ་སྐྱོང་མཁན་མ་ལེ་ཡ·ཧྥན·ཁོ་ཧུའོ་ཧྥུས་བསྟན་དོན། ནད་རྟགས་དང་ནད་དུག་གཞི་རྒྱུའི་གོ་རིམ་ཞིབ་འཇུག་བྱས་པ་བརྒྱུད། དབྱིན་ཇིའི་ཞིབ་འཇུག་མི་སྣས་མིང་ལ“B117”ཞེས་པའི་ནད་དུག་གཞན་འགྱུར་གཟུགས་ཤེས་རྟོགས་བྱུང་བ་མ་ཟད། དབྱིན་ཀེ་ལན་ཤར་རྒྱུད་ས་ཁུལ་གྱི་ནད་གཞི་ཡང་བསྐྱར་དབྱེ་ཞིབ་བྱས་པར། ད་ལོའི་ཟླ9བའི་ནད་རྟགས་ལ་ལར་གཞན་འགྱུར་འདི་རིགས་བྱུང་ཡོད།

མ་ལེ་ཡ·ཧྥན·ཁོ་ཧུའོ་ཧྥུས་ཨ་ཧྥེ་རི་ཁ་ལྷོ་མར་ཡང་དུས་མཚུངས་ནང་ནད་དུག་གཞན་འགྱུར་བྱུང་ཡོད་ཀྱང་། གཞན་འགྱུར་གཟུགས་མི་མཚུངས་བ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཞིབ་འཇུག་ཁ་ཤས་ཀྱི་ཐོག་མའི་མཇུག་འབྲས་བརྡ་ཁྱབ་བཏང་ཡོད་ཞེས་བསྟན།

གཞན་འགྱུར་ནད་དུག་གི་ཤི་ཚད་མཐོའམ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སེ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། ནད་དུག་ནི་དུས་ཚོད་དང་བསྟུན་ནས་གཞན་འགྱུར་འབྱུང་བ་དང་། དེ་ནི་རང་བཞིན་ཡིན་ལ་ཚོད་དཔག་བྱས་པས་ཤེས། དབྱིན་ཇིའི་སྙན་ཞུའི་ནང་ཐེངས་འདིའི་གཞན་འགྱུར་ནད་དུག་ནི་སྔར་བས་དར་ཁྱབ་འགྲོ་སླ་བ་ཡིན་ཞེས་སྤེལ་ཡོད་མོད། འོན་ཀྱང་མིག་སྔར་དེ་བས་ཀྱང་ནད་ཇེ་ལྗིད་དང་འཆི་རུ་འཇུག་སྲིད་པའི་ཁུངས་ལུང་མེད་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚན་རིག་པ་དང་མཉམ་དུ་གཞན་འགྱུར་ནད་དུག་གིས་བྱ་སྤྱོད་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་བཞིན་ཡོད་པར་ཤེས་རྟོགས་བྱེད་བཞིན་ཡོད།

ཐན་ཏེ་སེས་པྲོག་དབྱིབས་ནད་དུག་གསར་བའི་ཁྱབ་མཆེད་ཡོད་ཚད་འགོག་གང་ཐུབ་བྱ་དགོས་པ་དང་། ནད་དུག་མཆེད་ཚད་ཇི་ཙམ་མཐོ་ན། ནད་དུག་ལ་འགྱུར་ལྡོག་འབྱུང་བའི་གོ་སྐབས་དེ་ཙམ་གྱིས་མང་བ་དང་། སྲིད་གཞུང་དང་མི་ཚང་མས་སྔོན་འགོག་བྱེད་ཐབས་སྤྱད་དེ་ནད་དུག་མཆེད་པར་ཚོད་འཛིན་བྱ་དགོས་ཞེས་ནན་བཤད་བྱས། དབྱིན་ཇིའི་ཚན་རིག་པ་ཞིག་གིས་ཚེས21ཉིན་བསྟན་དོན། གཞན་འགྱུར་ནད་དུག་ཐོལ་འགྱུར་གྱི་གོ་རིམ་ཁྲོད། དེ་མི་ལུས་ཕྲ་ཕུང་དུ་འཛུལ་བའི་རྣམ་པར་འགྱུར་ལྡོག་བྱུང་ཡོད། དེ་བས“བྱིས་པ་ནི་དར་མ་དང་འདྲ་བར་ནད་དུག་འདི་འགོ་སླ་སྲིད”ཅེས་བསྟན།

གཞན་འགྱུར་ནད་དུག་གིས་འགོག་ཁབ་ཀྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད་དམ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཕྲོད་བསྟེན་འཕྲལ་དོན་རྣམ་གྲངས་ཀྱི་ལག་རྩལ་གཙོ་སྐྱོང་མཁན་མ་ལེ་ཡ·ཧྥན·ཁོ་ཧུའོ་ཧྥུས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། དབྱིན་ཇིའི་ཕྱོགས་ཀྱིས་ནད་དུག་གཞན་འགྱུར་གྱིས་འགོག་ཁབ་ཀྱི་ཕན་འབྲས་ལ་ཤུགས་རྐྱེན་མི་ཐེབས་པར་ངོས་འཛིན་བྱས་པ་དང་། སྲིན་འགོག་ཞིབ་འཇུག་མཇུག་འབྲས་ནི་མ་འོངས་པའི་ཉིན་ཁ་ཤས་སམ་ཡང་ན་གཟའ་འཁོར་འགའི་ནང་ཡོངས་བསྒྲགས་བྱ་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བརྟེན་འཕྲལ་དོན་རྣམ་གྲངས་ཀྱི་འགན་འཁུར་པ་མའེ་ཁེ·རོས་ཨན་གྱིས་ཀྱང་འདས་ཟིན་པའི་ཟླ་ཁ་ཤས་ནང་། ནད་དུག་ལ་གཞན་འགྱུར་མང་པོ་བྱུང་བ་དང་། དེའི་ནང་གི་ལ་ལས་ནད་དུག་མཆེད་པར་སྐུལ་འདེད་བྱས་ཡོད་མོད། འོན་ཀྱང་འགྱུར་གཟུགས་གང་གིས་ཀྱང་ནད་རིགས་ཚབས་ཆེན་གཞན་བསྐྱེད་པའམ་ཡང་ན་ནད་གཞི་བརྟག་དཔྱད་ལས་ཐར་ཐུབ་པ་ཞིག་མ་བྱུང་བས། འགོག་ཁབ་ཀྱི་ནུས་པ་ལ་ཤུགས་རྐྱེན་ཐེབས་པའང་ཤེས་རྟོགས་བྱུང་མེད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་གཞན་འགྱུར་གང་དང་གང་ལའང་ཧ་ཅང་གཟབ་ནན་བྱེད་དགོས་ལ་དེའི་མངོན་མེད་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་དགོས་ཞེས་བསྟན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དབུ་བཞུགས་ཚན་རིག་པ་སུའུ་མུས་ཡ·སི་ཝ་སྨི་ན་ཐན་གྱིས་བསྟན་དོན། ནད་དུག་གཞན་འགྱུར་གྱི་མྱུར་ཚད་ནི་ཆམ་རིམས་ནད་དུག་ལས་དལ། མིག་སྔར་གཞན་འགྱུར་མང་པོ་བྱུང་བའི་དབང་དུ་བཏང་ནའང་སྨན་བཅོས་སྨན་རྫས་སམ་ཡང་ན་ཞིབ་འཇུག་བྱེད་བཞིན་པའི་འགོག་ཁབ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པ་གཅིག་ཀྱང་མེད་ཅེས་བཤད།

གཞན་འགྱུར་ནད་དུག་ད་དུང་ཞིབ་དཔྱད་ཚད་ལེན་ཐུབ་བམ།

མ་ལེ་ཡ·ཧྥན·ཁོ་ཧུའོ་ཧྥུས་མིག་སྔར་ཞིབ་དཔྱད་ཚད་ལེན་ཡོ་བྱད་མང་ཆེ་བ་གཞི་རྒྱུའི་གོ་རིམ་ཐོག་གི་དམིགས་ཡུལ་མང་པོར་གཞིགས་ཡོད། ནད་དུག་གཞན་འགྱུར་གྱིས་ཞིབ་དཔྱད་ཚད་ལེན་དེ་རིགས་ལ་ཤུགས་རྐྱེན་མི་ཐེབས། ཡིན་ནའང་ཞིབ་དཔྱད་ཚད་ལེན་འགའ་ཤས་ནད་དུག་རྒྱུད་རྒྱུའི་གོ་རིམ་ཁྲོད་ཀྱི་དམིགས་ཡུལ་རྐྱང་པར་དམིགས་ཡོད་ལ། ཞིབ་དཔྱད་ཚད་ལེན་དེ་རིགས་ལ་ནད་དུག་གཞན་འགྱུར་གྱི་ཤུགས་རྐྱེན་ཐེབས་སྲིད། ད་ལྟ་དབྱིན་ཇིས་བེད་སྤྱོད་བྱེད་པའི་ཞིབ་དཔྱད་ཚད་ལེན་ཡོ་བྱད་ཚང་མར་ཕན་ནུས་ཐོན་པའི་རང་བཞིན་གྱི་ཞིབ་འཇུག་བྱེད་བཞིན་ཡོད།

མིག་སྔར། གཞན་འགྱུར་ནད་དུག་གིས་ནད་བཅོས་བྱེད་ཐབས་ལ་ཤུགས་རྐྱེན་ལྡན་པའི་གནས་ཚུལ་མ་མཐོང་བ་དང་། འབྲེལ་ཡོད་ཞིབ་འཇུག་མུ་མཐུད་དུ་སྤེལ་བཞིན་ཡོད།

གཞན་འགྱུར་ནད་དུག་རང་རྒྱལ་དུ་ཐོན་ཡོད་དམ།

ཀྲུང་གོའི་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥེང་ཙི་ཅན་གྱིས་མིག་སྔར་རང་རྒྱལ་དུ་ཐོན་པའི་ནད་དུག་རིམ་བསྟར་ལ་བལྟས་ན། ནང་འདྲེན་མི་སྣ་དང་དངོས་ཟོག འཁྱག་རྫས་སོགས་ནས་ཐོན་པའི་ནད་དུག་ཚང་མར། གཞན་འགྱུར་ནད་དུག་ཡོད་པ་མཐོང་མེད། འབྲེལ་ཡོད་སྡེ་ཁག་གིས་ད་དུང་མུ་མཐུད་དུ་ཚད་མཐོའི་དོ་སྣང་བྱས་ཏེ་ནད་དུག་གི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱེད་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།