ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་ཚེས་ཉེར་བདུན་ཉིན་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་བྱ་བ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཀྲང་ཝེ་ལིང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ཚེས་ཉེར་བདུན་ཉིན་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་བྱ་བ་སྤེལ་རྒྱུ་ཡིན་ཟེར། 

ཝེ་ལིང་གིས་བསྟན་དོན། ཡོ་རོབ་གླིང་སྨན་རྫས་དོ་དམ་ཅུའུ་ཡིས་ཨ་མེ་རི་ཁའི་ཧོས་རོས་སྨན་རྫས་ཚད་ཡོད་ཀུང་ཟི་དང་འཇར་མན་སྐྱེ་དངོས་ལག་རྩལ་གསར་བའི་ཀུང་ཟི་ཡིས་མཉམ་འབྲེལ་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ཀྱི་འགོག་སྨན་ལ་དྲང་ཕྱོགས་ནས་དཔྱད་འཇོག་བྱས་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཧྥ་རན་སིའི་སྨན་བཅོས་བདེ་སྲུང་ཐོན་རྫས་དང་སྒྲིག་ཆས་ཀྱི་ཁས་ལེན་ལ་ལྟ་རྟོག་དང་འདོན་སྤྲོད་བྱེད་པའི་འགན་ཁུར་བའི་འཕྲོད་བསྟེན་དཔྱད་འཇོག་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་ནང་འབྲེལ་ཡོད་ཀྱི་ཆོད་དོན་སྤེལ་རྒྱུ་ཡིན་པ་དང་། འགོག་སྨན་སྐོར་དང་པོ་མི་འགྱངས་པར་རྩིས་སྤྲོད་བྱེད་རྒྱུ་རེད། ཡོ་རོབ་གླིང་དང་ཧྥ་རན་སིའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་བྱ་བ་དེ་ཚེས་ཉེར་བདུན་ཉིན་ནས་མགོ་རྩོམ་རྒྱུ་ཡིན་ཟེར། 

ཧྥ་རན་སིའི་ཙུང་ལི་ཁཱ་སི་ཐེ་ཡིས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ཟླ་བཅུ་གཉིས་པའི་ཆེས་མཇུག་མཐའི་གཟའ་འཁོར་ནས་བཟུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་དུས་རིམ་དང་པོའི་བྱ་བ་མགོ་རྩོམ་རྒྱུ་ཡིན་ཟེར། ཁོས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མང་ཆེ་བ་ཐེངས་གཉིས་པར་བརྒྱག་དགོས་པ་དང་། ཧྥ་རན་སི་ཡིས་འགོག་སྨན་དུང་ཕྱུར་གཉིས་ཙམ་གསོག་འཇོག་བྱེད་པའི་འཆར་གཞི་ཡོད་ལ། དེ་ལས་མི་དུང་ཕྱུར་གཅིག་ལ་འགོག་སྨན་བརྒྱག་ཐུབ་ཟེར། 

ཧྥ་རན་སིའི་སྲིད་གཞུང་དྲ་ཚིགས་ཀྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཧྥ་རན་སི་རུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ས་ཡ་གཉིས་དང་འབུམ་བཞི་ཁྲི་བདུན་སྟོང་དགུ་བརྒྱ་དང་ང་གཅིག་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་དྲུག་དང་དགུ་བརྒྱ་རྐྱེན་ལམ་དུ་ཤོར། མིག་སྔར་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་སོ་གསུམ་གྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་སྟོང་གཉིས་དང་བདུན་བརྒྱ་ཞེ་དྲུག་ལ་ནད་པ་ཚབས་ཀྱི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།