ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་ཙུང་ཐུང་གིས་དམངས་གྲོས་ཁང་གཏོར་ནས་འདེམ་བསྐོའི་དུས་ཚོད་ཁྱབ་སྒྲོག་བྱེད་པར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་པཱ་ལཱའི་ཙུང་ཐུང་པན་ཏཱ་ལི་ཡིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་བསྟན་དོན། སྲིད་གཞུང་གིས་དམངས་གྲོས་ཁང་གཏོར་བའི་གྲོས་གཞིར་ཡིད་འཐད་བྱུང་བར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ནས་ཟླ་ལྔ་བའི་ཚེས་བཅུ་ཉིན་བར་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། 

ཉིན་དེའི་སྔ་དྲོར། ནེ་པཱ་ལཱའི་ཙུང་ལི་ཨོ་ལེ་ཡིས་བྲེལ་མྱུར་སྒོས་སྲིད་གཞུང་ནེ་ཀིའི་གྲོས་ཚོགས་བསྡུས་ཏེ། པན་ཏཱ་ལི་ལ་དམངས་གྲོས་ཁང་གཏོར་བའི་གྲོས་གཞི་འདོན་རྒྱུ་དང་། སྔ་སྣུར་གྱིས་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད། 

སྲིད་གཞུང་ནང་ཁུལ་གྱི་མི་སྣ་ལ་ལས་བསྟན་དོན། ཨོ་ལེ་ཡིས་བལྟས་ན་སྲིད་འཛིན་ཏང་ནང་ཁུལ་གྱི་ཐེ་གཏོགས་ཚབས་ཆེན་ཡིན་པ་དང་། བྱ་བའི་དཀའ་ཁག་ཇེ་ཆེར་སོང་ཡོད་ལ། འདེམ་བསྐོ་གསར་བ་སྤེལ་ནས་མི་དམངས་ལ་ཡང་བསྐྱར་གདམ་གསེས་བྱེད་དུ་འཇུག་དགོས་པར་འདོད། 

ཨོ་ལེ་ནི་ནེ་པཱ་ལཱའི་ཆེས་ཆེ་བའི་སྲིད་ཏང་། སྲིད་འཛིན་པའི་ནེ་པཱ་ལཱ་གུང་ཁྲན་ཏང་གི་ཀྲུའུ་ཞི་རེད། ནེ་པཱ་ལཱའི་གུང་ཁྲན་ཏང་ནི་ཨོ་ལེ་ཡིས་མགོ་ཁྲིད་པའི་ནེ་པཱ་ལཱ་གུང་ཁྲན་ཏང་དང་སྔོན་ཆད་ཀྱི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་མགོ་ཁྲིད་པའི་ནེ་པཱ་ལཱ་གུང་ཁྲན་ཏང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་དངོས་སུ་མཉམ་འབྲེལ་བྱས་ཏེ་གྲུབ་པ་རེད། ནེ་པཱ་ལཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉེ་སྔོན་ཏང་ནང་ཁུལ་གྱི་ཕྱོགས་ཁག་ཆེན་མོ་གཉིས་ཀྱི་འཐབ་རྩོད་ཚབས་ཆེན་དུ་གྱུར་ཡོད་ཟེར། 

ཨོ་ལེ་ཡིས་དམངས་གྲོས་ཁང་གཏོར་བའི་གྲོས་གཞི་བཏོན་རྗེས། ཕུའུ་ལཱ་ཁྲང་ཏཱའི་ཕྱོགས་ཁག་གི་སྲིད་གཞུང་པུའུ་ཀྲང་བདུན་གྱིས་ལས་ཁུར་དགོངས་ཞུ་བྱས་ནས་ངོ་རྒོལ་བྱས། ཆེས་ཆེ་བའི་ངོ་རྒོལ་ཏང་ནེ་པཱ་ལཱའི་ཚོགས་ཆེན་ཏང་སོགས་སྲིད་ཏང་གིས་ཀྱང་ངོ་རྒོལ་དྲག་པོ་བྱས། ནེ་པཱ་ལཱའི་གླེང་ཕྱོགས་ཀྱིས་བལྟས་ན། ནེ་པཱ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཐེ་གཏོགས་བྱེད་སྲིད་པར་འདོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།