ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་སོ་སོས་རིམས་ནད་བྱུང་བའི་གནས་ཚུལ་འོག་གནས་སྤོར་སྡོད་དམངས་ཀྱི་ཁེ་ཕན་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནི་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་ཀྱི་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཐེ་གོའི་མན་ཀུའུ་ནས་སྤེལ་བའི་ཉིས་སྟོང་ཉི་ཤུ་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གནས་སྤོར་སྡོད་དམངས་ཀྱི་སྙན་ཞུ་ལས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ལས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གནས་སྤོར་སྡོད་དམངས་ཀྱི་ཁེ་ཕན་ལ་གནོད་པ་ཐེབས་ཡོད་པས། ལས་ཁུངས་དེས་ས་ཁུལ་རང་གི་རྒྱལ་ཁབ་སོ་སོས་གནས་སྤོར་སྡོད་དམངས་ཀྱི་ཁེ་ཕན་ལ་འགན་སྲུང་བྱས་ཏེ། རྒྱལ་ཁབ་རང་ལ་འཚམ་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞི་གཏན་འབེབ་བྱེད་སྐབས་གནས་སྤོར་སྡོད་དམངས་དག་ཀྱང་གྲས་སུ་འཇོག་དགོས་ཟེར། 

སྙན་ཞུ་ལས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གནས་སྤོར་སྡོད་དམངས་ལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཉེན་ཁ་ཆེན་པོ་བཟོས་ཡོད། རིམས་ནད་བྱུང་བའི་གནས་ཚུལ་འོག་རྒྱལ་ཁབ་རང་གི་མི་དང་བསྡུར་ན་གནས་སྤོར་སྡོད་དམངས་དེ་ཅུང་ཉམས་ཞན་གྱི་གནས་སུ་ལྷུང་སྲིད་ཅིང་། དེར་བདེ་ཐང་འགན་སྲུང་དང་གཞི་རྩའི་ཞབས་ཞུ་བཟང་བོ་ཐོབ་དཀའ་བ་དང་། དེའི་ནང་མི་རེ་འགའ་རིམས་ནད་ཀྱི་དབང་གིས་རྒྱལ་ཁབ་གཞན་པར་ལུས་ནས་རང་ཁྱིམ་དུ་ལོག་ཐབས་མི་འདུག ཁོ་ཚོར་དགོས་ངེས་ཀྱི་ཡོང་འབབ་དང་སྤྱི་ཚོགས་འགན་སྲུང་མེད་པར་མ་ཟད། རིམས་ནད་ཀྱི་མདུན་ནས་ས་ཁུལ་རེ་འགར་ཉིན་རེ་བཞིན་ཕྱི་ཡོང་ལ་རྒོལ་བའི་སྣང་ཚུལ་བཞིན་ཡོད་ཟེར། 

སྙན་ཞུ་ལས་བཤད་རྒྱུར། གནས་སྤོར་སྡོད་དམངས་ལ་སྡོད་སའི་རྒྱལ་ཁབ་ཀྱི་སྤྱི་དམངས་དངོས་དང་འདྲ་བར་འབྲེལ་ཡོད་མ་དངུལ་གྱི་ཁ་གསབ་ཐོབ་ཐབས་མེད་པ་དང་། ཞོར་དུ་རྒྱལ་ཁབ་སོ་སོ་དང་རིམས་ནད་འབྲེལ་ཡོད་ཀྱི་མཐའ་མཚམས་བཀག་སྡོམ་བྱེད་ཐབས་ཀྱི་ཤུགས་རྐྱེན་ཐེབས་ནས། མི་མང་བོར་ལུགས་མཐུན་མིན་པའི་ལྟ་སྟངས་འཛིན་བཞིན་ཡོད། དེ་བས་རིམས་ནད་ཀྱིས་ཐད་ཀར་དང་ཡང་ན་བརྒྱུད་པའི་སྒོ་ནས་གནས་སྤོར་སྡོད་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བཞིན་ཡོད་ལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དབུལ་ཐར་བྱ་བར་ཡང་གྱོང་གུད་བཟོས་ཡོད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།