ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཐའོ་ཝེ་ཡཱ་ཡིས་བྱེད་ཐབས་ནན་མོ་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལཱ་ཐའོ་ཝེ་ཡཱའི་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་ཆོད་དོན་སྤེལ་ཏེ། ཚེས་བཅུ་དགུ་ཉིན་ནས་བཟུང་དུས་ཡུན་གཟའ་འཁོར་གསུམ་གྱི་རིང་བྱེད་ཐབས་ནན་མོ་ལག་བསྟར་བྱས་ནས། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་རྒྱུ་ཐག་བཅད། 

ཚོད་འཛིན་བྱེད་ཐབས་གསར་བ་དེ་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ནས་མགོ་བརྩམས་ཏེ་སང་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་མཇུག་སྒྲིལ་རྒྱུ་རེད། གཙོ་བོ་རིག་གནས་ཚོགས་ར་དང་འགྲེམ་སྟོན་ཚོགས་འདུ། ཡེ་ཤུའི་འཁྲུངས་སྐར་གྱི་ཁྲོམ་ར། སྐྲ་བཞར་ཁང་། ལུས་རྩལ་ར་བ་སོགས་ཀྱི་སྒོ་བརྒྱག་པ་དང་། སློབ་གསོ་ལས་ཁུངས་སོ་སོ་རྒྱང་བསྟེན་སློབ་ཁྲིད་དུ་བསྒྱུར་རྒྱུ་ཡིན་ལ། ལོ་རིམ་དང་པོ་དང་དྲུག་པའི་བར་གྱི་སློབ་མའི་དགུན་གནང་ཡུན་ཚད་གཟའ་འཁོར་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་མ་ཟད། ཚོང་ར་དང་སྨན་འཚོང་ཁང་། མིག་ཤེལ་ཚོང་ཁང་། སྣུམ་སྣོན་ས་ཚིགས་བཅས་ཀྱིས་མུ་མཐུད་དུ་ཚོང་གཉེར་བྱས་ཆོག་ཀྱང་། ཚོང་རས་ཟས་རིགས་དང་འཕྲོད་བསྟེན་མཁོ་དངོས། གཞི་རྩའི་ཁྱིམ་བཀོལ་དངོས་རྫས་ཁོ་ན་མ་གཏོགས་ཕྱིར་འཚོང་བྱེད་མི་རུང་། 

ལཱ་ཐའོ་ཝེ་ཡཱའི་ཉིན་གཅིག་གི་ནད་པའི་འཕར་སྣོན་ཁ་གྲངས་ཚེས་བཅོ་ལྔ་ཉིན་ནས་བཟུང་བསྟུད་མར་ཉིན་གསུམ་རིང་སྟོང་གཅིག་ལས་བརྒལ་བ་དང་། སྨན་ཁང་དུ་བསྡད་པའི་མི་གྲངས་ཇེ་མང་དུ་སོང་བས་སྨན་ཁང་དག་དཀའ་ཁག་ལ་འཕྲད་ཡོད། མ་འོངས་པའི་གཟའ་འཁོར་གསུམ་གྱི་ནང་ལཱ་ཐའོ་ཝེ་ཡཱ་ཡིས་ཡེ་ཤུའི་འཁྲུངས་སྐར་དང་ལོ་གསར་གྱི་དུས་སྟོན་བསུ་དགོས་པ་རེད། སྲིད་གཞུང་གིས་རིམས་འགོག་བྱེད་ཐབས་ཇེ་དམ་དུ་བཏང་བའི་དམིགས་ཡུལ་ནི་མང་ཚོགས་ཀྱི་འབྲེལ་འདྲིས་ཇེ་ཉུང་དུ་གཏོང་བ་དང་འདུ་འཛོམས་སྔོན་འགོག་བྱེད་པའི་ཆེད་དུ་རེད། 

ལཱ་ཐའོ་ཝེ་ཡཱའི་ཙུང་ལི་ཁཱ་ལིན་སི་ཡིས་ཚེས་བཅུ་བདུན་ཉིན་མང་ཚོགས་ཀྱིས་རང་ཁྱིམ་ནས་དུས་སྟོན་ལ་རོལ་དགོས་པ་ལས་ཉེ་དུ་དང་གྲོགས་པོ་དག་དང་འདུ་འཛོམས་བྱེད་མི་རུང་བའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། གལ་ཏེ་ཉིན་བཅུའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་གང་ལེགས་མ་ཐོབ་ན། སྲིད་གཞུང་གིས་མཁར་གྲོང་སོ་སོར་བཀག་སྡོམ་བྱེད་པའི་བྱེད་ཐབས་མི་སྤྱོད་ཐེབས་མེད་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།