ཨེ་ཇིབ་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་གནས་པའི་སུའོ་ཧ་ཅེ་ཞིང་ཆེན་དུ་ཚེས16ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་དང་མི6ལ་རྨས་སྐྱོན་ཕོག

སོ་ཧ་ཅེ་ཞིང་ཆེན་གྱི་མྱུར་སྐྱོབ་རླངས་འཁོར་དོ་དམ་སྡེ་ཁག་གི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་དེ་ནི་ཞིང་ཆེན་འདིའི་ཤར་ལྷོ་ཕྱོགས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཏུ་བྱུང་ཞིང་། མྱུར་བགྲོད་གཞུང་ལམ་སྟེང་སྤྱི་སྤྱོད་རླངས་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཆུང་ཆུང་གཉིས་གདོང་ཐུག་བརྒྱབ་པ་ལས་བྱུང་ཞིང་མི་མང་པོར་ཤི་རྨས་ཐེབས་ཡོད་པ་རེད།

དཔོན་རིགས་འདིས་བཤད་རྒྱུར། དོན་རྐྱེན་བྱུང་མ་ཐག་མྱུར་སྐྱོབ་རླངས་འཁོར10དོན་རྐྱེན་བྱུང་ཡུལ་དུ་འབྱོར་བ་དང་མིག་སྔར་རྨས་མ་རྣམས་ཉེ་འགྲམ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

ཨེ་ཅིབ་ཀྱི་གཞུང་ལམ་མང་པོར་ལོ་མང་རིང་ཞིག་གསོ་མ་བྱས་པ་དང་ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་སོགས་ཀྱི་དབང་གིས། འགྲིམ་འགྲུལ་གྱི་དོན་རྐྱེན་ཡང་ཡང་བྱུང་ཞིང་ལོ་རེར་མི་སྟོང་ཕྲག་ཁ་ཤས་རྐྱེན་ལམ་དུ་ཤོར་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།