ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་གྲོང་སྡེ་ཞིག་ལ་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འཇབ་རྒོལ་ཐེབས་ཏེ་མི་ཉེར་བརྒྱད་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར།  ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་གྲོང་སྡེ་ཞིག་ལ་ཉིན་འགའི་སྔོན་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མ་ཉེར་བརྒྱད་ལ་ཤི་རྨས་ཐེབས།

ནེ་ཀྲིར་སྲིད་གཞུང་གི་མགྲིན་ཚབ་པ་ཀྲ་ཁ་ལིས་ཝ་ཨ་པུའུ་ཏུའུ་ལི་ལ་ཧོ་མན་གྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོ་ནས་ཚེས་བཅུ་གསུམ་ཉིན་གྱི་ནམ་གོང་བར་ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་ཏི་ཧྥ་ཞིང་ཆེན་གྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་བྱས་ཏེ།  ཁང་པ་མང་པོ་མེར་བསྲེགས།  འཇབ་རྒོལ་ཁྲོད་མི་སེར་དཀྱུས་མ་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་།   དེའི་ཁྲོད་མི་བཅུ་མེ་མདས་བརྒྱབ་སྟེ་བསད་པ་དང་།  མི་བཅུ་བཞི་མེར་བསྲེགས་ནས་ཤི་བ་རེད།

ཨ་པུའུ་ཏུའུ་ལི་ལ་ཧོ་མན་གྱི་བཤད་རྒྱུར།  ཚེས་བཅོ་ལྔ་ནས་བཟུང་།  ནེ་ཀྲིར་རྒྱལ་ཡོངས་ནས་རྐྱེན་ལམ་དུ་ཤོར་བའི་མི་སེར་དཀྱུས་མར་ཉིན་གསུམ་རིང་ལ་མྱ་ངན་ཞུ་རྒྱུ་ཡིན།   འབྲེལ་ཡོད་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་ས་ཁུལ་དུ་བདེ་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ་དྲག་ཆས་མི་སྣ་དག་ལ་རྗེས་འདེད་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར།

ཏི་ཧྥ་ཞིང་ཆེན་དེ་ནེ་ཀྲིར་དང་ནེ་ཀྲི་རི་ཡའི་འབྲེལ་མཚམས་སུ་ཡོད་པ་དང་།  ཉེ་བའི་ལོ་འགའི་རིང་ལ། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ས་ཁུལ་དེ་རུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་ཏེ་མི་སྣ་མང་པོར་ཤི་རྨས་ཐེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།