འཇར་མན་གྱིས་རིམས་འགོག་ཚོད་འཛིན་བྱེད་ཕྱོགས་སྔར་ལས་ཇེ་དམ་དུ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དང་མངའ་སྡེ་སྲིད་གཞུང་སོ་སོས་ཚེས་བཅུ་གསུམ་ཉིན་གྲོས་མོལ་བྱས་ནས་གཏམ་འབེས་བྱས་དོན། འཇར་མན་རྒྱལ་ཁབ་ཀྱི་པྲོག་དབྱིབས་ནད་དུག་འགོས་པའི་ནད་པའི་ཁ་གྲངས་དང་ཤི་བའི་ཁ་གྲངས་ལ་མཐོ་རྒྱག་དམའ་རྒྱག་ཆེ་བའི་གནས་བབ་འོག་ཏུ། ཚེས་བཅུ་དྲུག་ཉིན་ནས་བཟུང་སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་ཚོད་འཛིན་བྱེད་ཐབས་ཇེ་དམ་དུ་གཏོང་རྒྱུ་ཡིན་ལ། ཇེ་དམ་དུ་གཏོང་ཡུན་ནི་སང་ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་བར་ཡིན་ཟེར།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དང་ཁོངས་གཏོགས་མངའ་སྡེ་སོ་སོའི་བར་གྲོས་མཐུན་བྱུང་བའི་བར་ལ། ཟས་རིགས་བརྒྱུད་ཚོང་དང་ཉེར་མཁོའི་དངོས་རྫས་ལས་གཞན་གྱི་དངོས་རྫས་ཆུང་རིགས་བཙོང་སའི་ཚོང་ཁང་གི་སྒོ་རྒྱག་རྒྱུ་དང་། སློབ་གྲྭ་དང་བྱིས་སྐྱོང་ཁང་དུ་ཡུལ་དངོས་ཀྱི་སློབ་ཁྲིད་བྱེད་ཐབས་རེ་ཞིག་མཚམས་བཞག་སྟེ་རྒྱང་བསྟེན་སློབ་གསོ་སྤེལ་རྒྱུ། ཁེ་ལས་བདག་པོས་མངའ་འོག་གི་ལས་བཟོ་བར་གནང་བ་ཕྱིན་ནས་ཁྱིམ་སྡོད་གཞུང་སྒྲུབ་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་ཐག་བཅད། དེ་ལས་གཞན་ཟ་ཁང་གི་ཕྱི་ཚོང་ཞབས་ཞུ་རང་སོར་འཇོག་རྒྱུ་དང་། སྐྲ་བཞར་ཁང་སོགས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རེ་ཞིག་རྒྱག་རྒྱུ་བྱས། རིམས་ནད་ཚབས་ཆེ་སའི་དཔལ་འབྱོར་སྡེ་ཁག་ལ་ནོར་སྲིད་ཀྱི་རོགས་སྐྱོར་ཐོབ་ངེས་རེད།

གྲོས་མཐུན་ཁྲོད་ངལ་གསོའི་སྐབས་སུ་གཉེན་ཉེ་གྲོགས་པོ་འདུ་འཛོམས་བྱེད་དུས་ཁྱིམ་ཚང་གཉིས་ཀའི་མི་ལྔ་ལས་བརྒལ་མི་ཆོག་པ་དང་། དེའི་ཁྲོད་ལོ་བཅུ་བཞི་མན་གྱི་བྱིས་པ་མི་འདུ། ལོ་སར་སྐབས་སུ་རྒྱལ་ཡོངས་ནས་ཁྱབ་ཆེ་བའི་འདུ་འཛོམས་ལས་སྒོ་འགོག་རྒྱུ་དང་ཉོ་ཚོང་ལས་རིགས་འགོག་པ། ཤོག་སྦག་མི་འགད་རྒྱུ། ཆོས་ལུགས་ཀྱི་བྱེད་སྒོ་རྣམས་ཀྱང་དམིགས་བསལ་ཆ་རྐྱེན་གྱི་འོག་ནས་སྤེལ་རྒྱུ་བྱས་པར་མ་ཟད། མི་དམངས་མང་ཚོགས་ལ་དངོས་ངེས་མིན་པའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལས་རིགས་མི་སྤེལ་རྒྱུའི་རེ་འབོད་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།