ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡའི་སློབ་འབྲིང་ཞིག་ལ་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ་སློབ་མ་སུམ་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་ཁ་ཆི་ན་མངའ་སྡེའི་འགོ་གཙོ་ཨ་མིས་ནུའུ་མཱ་ས་ལིས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར།  མངའ་སྡེ་དེའི་བཅའ་སྡོད་སློབ་འབྲིང་ཞིག་ལ་ཉིན་ཤས་གོང་ཐོབ་ཐང་གསར་པོར་མི་ཤེས་པའི་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ་མིག་སྔར་སློབ་མ་སུམ་བརྒྱ་དང་སོ་གསུམ་གར་སོང་ཆ་མེད་དུ་གྱུར་ཟེར།

མཱ་ས་ལིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན།   འཇབ་རྒོལ་དོན་རྐྱེན་དེ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་བྱུང་བ་དང་།   འཇབ་རྒོལ་ཐེབས་པའི་སློབ་གྲྭ་དེར་བསྡོམས་པས་སློབ་མ་བརྒྱད་བརྒྱ་སོ་དགུ་ཡོད་ཟེར།  འཇབ་རྒོལ་དོན་རྐྱེན་བྱུང་རྗེས།   བྲོས་བྱོལ་བྱས་པའི་སློབ་མ་ཁ་ཤས་ཕྱིར་སློབ་གྲྭའི་ནང་དུ་ལོག  མིག་སྔར་གར་སོང་མི་ཤེས་པའི་སློབ་མའི་ཁྲོད་ཀྱི་སློབ་མ་ཁ་ཤས་དྲག་ཆས་པས་འཛིན་བཟུང་བྱས་ཡོད་པ་དང་།  སློབ་མ་ཁ་ཤས་བྲོས་བྱོལ་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བ་རེད་ཟེར།

མཱ་ས་ལིས་ཀྱིས་བཤད་རྒྱུར།   བདེ་འཇགས་མི་སྣས་གར་སོང་མི་ཤེས་པའི་སློབ་མ་འཚོལ་ཞིབ་དང་ཡང་ན་བྱེད་ཐབས་སྣ་མང་སྤྱད་དེ་སློབ་མའི་ཁྱིམ་བདག་དང་འབྲེལ་གཏུག་བྱེད་བཞིན་ཡོད་པ་དང་།   འཛིན་བཟུང་བྱས་པའི་སློབ་མའི་ཁ་གྲངས་ཞིབ་བསྡུར་བྱེད་བཞིན་པའི་སྒང་ཡིན་ཟེར།

མིག་སྔའི་བར།   རྩ་འཛུགས་གང་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།  མངའ་སྡེ་དེའི་སློབ་གྲྭ་ཡོད་ཚད་ཀྱི་སྒོ་བརྒྱབ་ཡོད་པ་དང་།  ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་དག་ལ་རྗེས་འདེད་འཛིན་བཟུང་བྱེད་བཞིན་ཡོད།

ནེ་ཀྲི་རི་ཡའི་ཙུང་ཐུང་པུའུ་ཧ་ལིས་ཀྱིས་ཚེས་བཅུ་གཉིས་ཉིན་གསལ་བསྒྲགས་སྤེལ་ནས།   ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད།   ནེ་ཀྲི་རི་ཡའི་བདེ་འཇགས་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཇབ་རྒོལ་བ་འཛིན་བཟུང་བྱེད་དགོས་པ་དང་།   སློབ་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བཀའ་ཕབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།