ཕ་ཀི་སི་ཐན་གྱི་ཚོང་ར་ཞིག་ལ་འབར་གས་དོན་རྐྱེན་བྱུང་ནས་མི་བཅོ་ལྔར་རྨས་སྐྱོན་ཕོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ཀི་སི་ཐན་གྱི་ཕང་ཀྲེ་ཕུའུ་ཞིང་ཆེན་ལཱ་ཝ་ཨར་ཕིན་ཏི་གྲོང་ཁྱེར་གྱི་ཚོང་ར་ཞིག་ལ་ཚེས་བཅུ་གསུམ་ཉིན་འབར་གས་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་བཅོ་ལྔར་རྨས་སྐྱོན་བཟོས།

ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འབར་གས་དོན་རྐྱེན་དེ་ལཱ་ཝར་ཕིན་ཏི་གྲོང་ཁྱེར་གྱི་ཚོང་ར་ཞིག་ཏུ་བྱུང་བ་བདེན་དཔང་བྱས། ཐོག་མའི་བརྟག་དཔྱད་རགས་ཙམ་བྱས་པ་ལས་མངོན་པར་གཞིགས་ན། ཐེངས་འདིའི་འབར་གས་དོན་རྐྱེན་ནི་སྔོ་ཚལ་སྐྱེལ་རླངས་འཁོར་ཞིག་གི་ཐོག་སྒྲིག་སྦྱོར་བྱས་པའི་སྟབས་བདེའི་འབར་རྫས་དངོས་པོ་འབར་བ་ལས་བྱུང་བ་རེད།

ཉེན་རྟོག་པ་དང་བདེ་འཇགས་དམག་དཔུང་། རོགས་སྐྱོབ་མི་སྣ་བཅས་དོན་རྐྱེན་བྱུང་སར་ཐོན་ནས། རྨས་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མི་ཁ་ཤས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཟེར།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་ཐེངས་འདིའི་འབར་གས་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།