ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡའི་སློབ་འབྲིང་ཞིག་གི་སློབ་མ300ལྷག་གར་སོང་ཆ་མེད་དུ་གྱུར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་པུ་ཅ་ནས་སྤེལ་བའི་གསར་འགྱུར། ཚེས13ཉིན་ནི་ཀྲེ་རི་ཡའི་ནུབ་བྱང་རྒྱུད་ཀྱི་ཁ་ཆི་ན་མངའ་སྡེ་ཡི་འགོ་གཙོ་ཨ་སྨི་ནུའུ·མ་ས་ལིས་བཤད་པ་ལྟར་ན། ཉིན་དུ་མའི་སྔོན་དུ་མངའ་སྡེ་དེའི་ཞག་སྡོད་སློབ་འབྲིང་ཞིག་ལ་ཐོབ་ཐང་གསལ་པོ་མི་ཤེས་པའི་དྲག་ཆས་པས་འཇབ་རྒོལ་ཐེབས་ཏེ་མིག་སྔར་སློབ་མ333གར་སོང་ཆ་མེད་དུ་གྱུར།

མ་ས་ལིའི་ངོ་སྤྲོད་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཚེས11ཉིན་གྱི་དགོང་མོ་བྱུང་ཞིང་འཇབ་རྒོལ་ཕོག་པའི་སློབ་འབྲིང་དུ་ཁྱོན་བསྡོམས་སློབ་མ839ཡོད་ལ། འཇབ་རྒོལ་བྱུང་རྗེས་བྲོས་བྱོལ་དུ་སོང་བའི་སློབ་མ་ཁ་ཤས་ཕྱིར་སློབ་གྲྭར་ལོག་པ་རེད། ཡིན་ནའང་མིག་སྔར་གར་སོང་ཆ་མེད་དུ་གྱུར་པའི་སློབ་མའི་ཁྲོད་མི་ཁག་གཅིག་དྲག་ཆས་པས་བཙན་ཁྲིད་བྱས་པ་དང་གཞན་ཁག་གཅིག་བྲོས་བྱོལ་དུ་སོང་རྗེས་གར་སོང་ཆ་མེད་དུ་གྱུར།

མཱ་ས་ལིས་བཤད་རྒྱུར། བདེ་འཇགས་མི་སྣས་གར་སོང་ཆ་མེད་དུ་གྱུར་པའི་སློབ་མ་རྣམས་འཚོལ་བཞིན་ཡོད་པ་མ་ཟད་སློབ་མའི་ཁྱིམ་བདག་དང་འབྲེལ་བ་བྱས་ནས་བཙན་ཁྲིད་བྱས་པའི་སློབ་མའི་མི་གྲངས་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།

མིག་སྔའི་བར་རྩ་འཛུགས་གང་ཞིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད་ལ། མངའ་སྡེ་དེའི་ཞག་སྡོད་སློབ་གྲྭ་ཚང་མ་སྒོ་བརྒྱབ་ཟིན་པ་དང་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་འཛིན་བཟུང་བྱེད་བཞིན་པའི་སྒང་རེད།

ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཧ་ལིས་ཀྱིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་མ་ཟད། ནི་ཀྲེ་རི་ཡའི་བདེ་འཇགས་སྡེ་ཁག་ལ་ནུས་ཤུགས་ཡོད་རྒུས་འཇབ་རྒོལ་བ་འདེད་འཛིན་བྱས་ནས་སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱ་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།